ཆོས་རྗེ་བླ་མའི་ཞལ་གདམས། སྒྲ་ཡིག་གཉིས་ཆ་ཚང་།
༄༅། །རྒྱལ་ཀུན་མཁྱེན་བརྩེ་ནུས་པའི་སྒྱུ་འཕྲུལ་གར། །རིགས་དང་དཀྱིལ་འཁོར་རྒྱ་མཚོ་སྤྲོ་བསྡུའི་བདག །ཁོ་བོའི་སྐྱབས་གཅིག་མི་ཕམ་རྒྱ་མཚོ་དེས། །བྱང་ཆུབ་བར་དུ་གྲོགས་ཁྱོད་སྲུང་གྱུར་ཅིག །དལ་ཅིག་གསོན་དང་སྙིང་གི་ཐིག་ལེ་ཀྱེ། །ད་རེས་དལ་རྟེན་དོན་ལྡན་མ་བྱས་ན། །མཐའ་མེད་ངན་འགྲོའི་གཡང་སར་འཕྱན་སྐབས་སུ། །དགེ་སྒྲུབ་ལྟ་ཅི་བདེ་འགྲོའི་སྒྲ་ཡང་དཀོན། །དེ་བས་ད་ལྟ་རང་དབང་ཡོད་དུས་འདིར།།བྱིན་རླབས་རྩ་བ་བླ་མ་སྤྱི་བོས་བཀུར། །དངོས་གྲུབ་འབྱུང་གནས་ལྷག་ལྷ་བསྙེན་སྒྲུབ་ཀྱིས། །བར་ཆད་སེལ་མཛད་སྲུང་མ་ལས་ལ་བསྐུལ། །ཁྱད་པར་ཟབ་ཆོས་ཀུན་གྱི་སྙིང་པོ་ནི། །དད་དང་སྙིང་རྗེས་རང་སེམས་རྒྱུན་དུ་ཐུལ། །ལྷ་ཆོས་རྟེན་ཕུར་མི་གཞི་བཟང་ལ་སློབས། །གཞན་སེམས་སྲུང་ཐབས་སྙིང་གི་དཀྱིལ་དུ་ཆོངས། །གཞན་དོན་རྒྱ་ཆེན་སྒྲུབ་པར་མ་ནུས་ཀྱང་། །རང་མགོ་མ་སྐོར་འཆི་ཁ་མི་འགྱོད་པའི། །ཐབས་ལ་ཅི་དགའ་སྙམ་དུ་བསམ་མནོ་ཐོངས། །ཉིན་གཅིག་ཙམ་ཡང་སྟོང་ཟད་མ་བྱེད་ཅིག །གར་དབྱངས་ཐིག་སོགས་དགོན་ཆེན་བྱ་བ་དང་། །དགྲ་འདུལ་གཉེན་སྐྱོང་དཔོན་ཆེན་ལས་ཀ་རྣམས། །སྒྲུབ་པའི་དུས་ལས་ཁྱོད་ཉིད་བརྒལ་ཚར་བས། །ལྟོ་འགྲང་ལྷགས་སྐྱོབ་ཙམ་གྱིས་ཆོག་ཤེས་མཛོད། །དགེ་སྡིག་ལས་འབྲས་བདེ་སྡུག་བསླུ་མེད་ཕྱིར། །སྔོན་བསགས་ཁོ་ནས་ད་ལྟའི་སྣང་ཚུལ་འབྱུང་། །རེ་འདོད་འབད་རྩོལ་བྱས་པ་དོན་དགོས་ཆུང་། །བདེ་བར་ཉོལ་ལ་བློ་སེམས་བླ་མར་གཏོད། །སྐྱོན་རྫོགས་ཡོན་ཏན་བྲལ་བའི་རྒན་བུ་བདག །བླ་མར་བཟུང་ནས་གང་སྨྲས་སྤྱི་བོས་བཀུར། །སྙིང་དང་མིག་བཞིན་གཅེས་སྤྲས་ཆེ་བ་ཡི། །བཟང་ལན་མ་འཇལ་ཁྲེལ་བའི་འོས་ཡིན་མོད། །འཇུངས་པ་ནོར་ལ་སྲེད་ཕྱིར་རྒྱུ་མ་བྲ། །གཤིས་ངན་དབང་གྱུར་ཁ་ཡག་ཙམ་མ་འབྱོར། །འོན་ཀྱང་ཉིད་དང་བསྟུན་པའི་སྙིང་གཏམ་འདི། །ཁྱེད་ཐུགས་དགྱེས་པ་སྐོང་བའི་དཔྱིད་དུ་འབུལ། །པད་བྱམས་ལ་གུས་ཕུལ། ། །།