查看原文
其他

དུད་འགྲོས་ཀྱང་རྒན་རབས་ལ་བརྩི་བཀུར་བྱེད་ཤེས།

ཕེབས། 👉 Qiu1980
2024-09-29




ལེའུ་དྲུག་པ།

ཕ་མ་ལ་སྲི་ཞུ་སྒྲུབ་པའི་ཤེས་རབ།





༢ དུད་འགྲོས་ཀྱང་རྒན་རབས་ལ་བརྩི་བཀུར་བྱེད་ཤེས།


ལོ་ཆུང་གཞོན་ནུ་དག་ལ་མཚོན་ན་རྒན་རབས་ལ་གུས་པས་བརྩི་བཀུར་བྱེད་པ་ནི་བསོད་ནམས་ཀྱི་ཚོགས་གསོག་པའི་རྒྱུ་ཡིན་ཞིང་རྒན་རབས་ལ་བརྙས་ན་བསོད་ནམས་འཛད་པའི་རྒྱུ་ཡིན།

སྔོན་འདས་པའི་དུས་རིང་མོ་ཞིག་ན་ནགས་ཚལ་སྟུག་པོ་ཞིག་གི་ནང་དུ་བྱ་སྲེག་པ་དང་རི་བོང་། སྤྲེའུ། གླང་པོ་ཆེ་བཞི་མཐུན་པོར་གནས་ཏེ་བདེ་སྐྱིད་ཀྱི་འཚོ་བའི་དཔལ་ལ་རོལ་ནས་ཡོད།

ཉིན་ཞིག་དུད་འགྲོ་བཞི་པོས་ངེད་ཅག་ཕན་ཚུན་མཉེས་གཤིན་མཛའ་བརྩེའི་ངང་དུ་གནས་པ་འདི་ཙམ་གྱིས་ལེགས་པའི་ཆ་ཐམས་ཅད་ཡོངས་སུ་རྫོགས་པ་མ་ཡིན་གྱི། གཅིག་གིས་གཅིག་ལ་བཀུར་སྐྱོང་བྱེད་པའི་ལམ་སྲོལ་དགོས་ངེས་སོ་ཞེས་བགྲོས་ནས་སྐྱེས་ལོ་སྔ་ཕྱིའི་རྒན་རིམ་ལ་ཀུན་ཏུ་རྟོག་པར་བྱེད་ཆེད་ལྗོན་པ་ཆེན་པོ་ཞིག་ཡོད་པ་དེ་ཚད་འཛིན་བྱེད་དུ་གྲོས་འཆམ།

ཐོག་མར་གླང་ཆེན་ན་རེ། ང་རང་ཆུང་བའི་དུས་ཤིག་ཏུ་ལྗོན་པའི་འདབ་མ་གསར་བ་འདི་མཐོང་མྱོང་བས་དེའི་ཚེ་ཤིང་འདི་ངའི་ད་ལྟའི་ལུས་དང་མཉམ་མོ་ཟེར།

དེ་ནས་སྤྲེའུ་ན་རེ། ངས་དང་པོར་མཐོང་བའི་ཚེ་ལྗོན་པ་འདི་ངའི་ད་ལྟའི་ལུས་དང་མཉམ་པ་ཙམ་དུ་འདུག་གོ།

རི་བོང་ན་རེ། ངས་ཐོག་མར་མཐོང་བའི་ཚེ་ལྗོན་ཤིང་འདི་ལ་འདབ་མ་གཉིས་ལས་མེད་ ཅིང་ངས་ད་དུང་འདབ་མའི་ཐོག་གི་ཟིལ་ཆུ་ལྕེ་ཡིས་ལྡག་མྱོང་།

མཐར་བྱ་སྲེག་པ་ན་རེ། འདས་པའི་དུས་སུ་ངས་ས་འོག་ནས་ལྗོན་ཤིང་གི་ས་བོན་གཅིག་ཟོས་ཤིང་འདིར་མི་གཙང་བས་ལུད་བརྒྱབས་པས་མྱུ་གུས་ས་བརྟོལ་ནས་སྐྱེས་པ་རེད་ཅེས་སྨྲས།

དེ་ལྟར་དུད་འགྲོ་བཞི་པོས་རྒས་གཞོན་གྱི་རིམ་པ་གསལ་བོར་ཕྱེས། གླང་པོ་ཆེ་ཆེས་གཞོན་ཞིང་དེ་ནས་སྤྲེའུ་དང་རི་བོང་། ལོ་ན་ཆེས་རྒས་པ་ནི་བྱ་སྲེག་པ་ཡིན་པར་གཏན་དུ་ཁེལ།

དེ་ནས་བཟུང་བྱ་བ་གང་ཞིག་རྩོམ་ཡང་དུད་འགྲོ་བཞི་པོས་སྔ་ཕྱི་རྒན་རིམ་ལ་བརྟེན་ནས་སྒྲུབ་ཅིང་སྤྱོད་པ་རེད། ལམ་བགྲོད་དཀའ་བ་དག་དང་འཕྲད་སྐབས་གླང་པོ་ཆེས་སྤྲེའུ་ཁུར། སྤྲེའུས་རི་བོང་ཁུར། རི་བོང་གིས་བྱ་སྲེག་པ་ཁུར་བར་བྱེད།

ཕྱིས་སུ་དུད་འགྲོ་བཞི་པོས་ཐུན་མོང་གིས་བསླབ་ཁྲིམས་ལ་གནས་ཤིང་དགེ་བ་སྒྲུབ་པར་ཞལ་གྱིས་བཞེས་ནས་དུས་ཀུན་ཏུ་དེའི་ངང་དུ་ཡུག་གཅིག་ཏུ་གནས་པར་གྱུར་ཏོ། །དེ་ལ་བརྟེན་ནས་ལྗོངས་དེའི་སྲོག་ཆགས་ཐམས་ཅད་དང་ཐ་ན་རྒྱལ་ཁམས་དེའི་སྐྱེ་བོ་ཡོད་དོ་ཅོག་ཕན་ཚུན་འཚེ་བ་མེད་པར་བརྩེ་དུང་གི་བསམ་པ་སྨོན་འདྲིན་དུ་གྱུར་ནས་དགའ་བདེའི་དཔལ་ལ་རོལ་ཞིང་དགེ་སྒྲུབ་སྡིག་སྤང་གི་ལས་ལ་ཡང་གཞོལ་ལོ། །དུད་འགྲོ་བཞི་པོ་དེ་མཐུན་པ་སྤུན་བཞི་ཡིན་ཞིང་བདག་ཅག་གི་སྟོན་པས་བྱ་སྲེག་པ་དེ་ནི་བཅོམ་ལྡན་འདས་ང་ཡིན་ལ་རི་བོང་ནི་ད་ལྟའི་ཤཱ་རིའི་བུ། སྤྲེའུ་ནི་ད་ལྟའི་མོ་འགལ་གྱི་བུ། གླང་པོ་ཆེ་ནི་ད་ལྟའི་ཀུན་དགའ་བོའོ་ཞེས་བཀའ་བསྩལ་ཏོ། །

དེའི་ཕྱིར། ཤེས་རབ་ལྡན་པའི་མི་ཡིས་རྒན་རབས་རྣམས་ལ་བརྩི་བཀུར་བྱེད་འོས། ལོ་གཞོན་དག་དང་བསྡུར་ན་རྒན་རབས་རྣམས་ལ་ཡོན་ཏན་མང་པོ་ཡོད་པས་གལ་སྲིད་མོས་གུས་ཀྱིས་སྲི་ཞུ་ལ་བརྩོན་ཞིང་ཁེངས་པ་བསྙུངས་ནས་ཁོང་ཅག་ཚོའི་བསམ་འཆར་ལ་ཉན་ན། གོལ་ས་མང་པོ་ལས་རིང་དུ་བྱེད་ནུས་ཤིང་མི་ཚེ་ལ་ཡང་བཀྲ་ཤིས་པའི་ལེགས་ཚོགས་ཐམས་ཅད་ཆེས་ཆེར་འཕེལ་བར་འགྱུར་རོ། །

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存