查看原文
其他

སེམས་ཅན་ལ་བྱམས་པས་བསྐྱངས་ན་འཕགས་ཆེན་ལ་མཆོད་པ་བསྟབས་པ་ཕན་ཡོན་ཆེ།

ཕེབས། 👉 Qiu1980
2024-09-29




ལེའུ་བརྒྱད་པ།

ལྟ་ཚུལ་གྱིས་འཇིག་རྟེན་དུ་འཚོ་ཚུལ་ལ་འགྱུར་བ་གཏོང་ནུས།





༡ ཉམ་ཐག་པའི་སེམས་ཅན་བྱམས་པས་བསྐྱངས་ན་འཕགས་ཆེན་ལ་མཆོད་པ་བསྟབས་པ་ལས་ཀྱང་ཕན་ཡོན་ཆེ།

བྱ་བ་གཞན་རྣམས་སྨད་བྱ་སྟེ། །གཞན་དོན་སྒྲུབ་པ་ཉིད་མཆོག་གོ །

ཧ་ཅང་ཉམ་ཐག་པའི་སེམས་ཅན་བྱམས་པས་བསྐྱངས་ན་སངས་རྒྱས་བྱང་སེམས་ལ་མཆོད་པས་བསྙེན་བཀུར་བ་ལས་ཀྱང་ལྷག་པ་ཡིན།

ཅིའུ་ཞོ་ལིང་གིས་ཤེས་བྱའི་རྒྱ་མཚོར་འཇུག་པའི་འཇག་མའི་འོད་གུར་འཁྲེགས་པའི་ལྡིང་ཁང་གི་ཟིན་ཐོ་ཞེས་བྱ་བ་ལས་གཏམ་རྒྱུད་འདི་སྐད་ཅིག་བཤད་ཡོད།

སྔོན་དགེ་སློང་མ་ཞིག་ཡོད་ཅིང་འཕགས་པ་སྤྱན་རས་གཟིགས་དབང་གི་འཁྲུངས་སྐར་དུས་ཆེན་ཉིན་མོར་མཆོད་པའི་དངོས་པོ་ཤིན་ཏུ་མང་པོ་ཉོས། དགེ་སློང་མས་མཆོད་རྫས་ཐམས་ཆད་ལེགས་པར་བཤམས་ཟིན་རྗེས་ཤིན་ཏུ་དུབ་པར་གྱུར་ཏེ་མཆོད་སྟེགས་ལ་བསྙེས་ནས་ངལ་གསོ་ཅུང་ཙམ་བྱས།

སྣང་བ་བན་མ་བུན་གྱི་ངང་དུ་འཕགས་པ་སྤྱན་རས་གཟིགས་དབང་གིས་ཁྱོད་ཀྱིས་ང་ལ་མཆོད་པའི་དངོས་པོ་མ་བསྟབས་ཀྱང་ང་བཀྲེས་ལྟོགས་ཀྱིས་མི་མནར། ཡིན་ཡང་དགོན་པའི་ཕྱི་རོལ་ཏུ་ཉམ་ཐག་པའི་ཡུལ་འཁྱར་བ་བཞི་ལྔ་ཙམ་འདུག་པས་མཆོད་པའི་དངོས་པོ་འདི་དག་དེ་དག་ལ་སྦྱིན་ན་བཟང་། མི་དེ་ཚོའི་ཚེ་སྲོག་བསྐྱབས་ན་ང་ལ་མཆོད་པའི་དངོས་པོ་བསྟབས་པ་ལས་ཀྱང་ཕན་ཡོན་བརྒྱ་འགྱུར་གྱིས་ཆེ་ཞེས་གསུངས་པ་རྨིས།

དགེ་སློང་མ་འཕྲལ་དུ་རྨོངས་པ་ལས་གྲོལ་ནས་དགོན་པའི་སྒོ་ཕྱེས་ནས་བལྟས་པས་གདོང་མདོག་སེར་ཞིང་ལུས་སྐམ་རིད་དུ་གྱུར་པའི་ཡུལ་འཁྱར་པ་བཞི་ལྔ་ཙམ་ཡོད་པ་དངོས་སུ་མཐོང་བས་མྱུར་དུ་མཆོད་པའི་དངོས་པོ་དེ་དག་ལ་བྱིན་པ་རེད།

དེའི་ཕྱིར་ཧ་ཅང་ཉམ་ཐག་པའི་སེམས་ཅན་བྱམས་པས་བསྐྱངས་ན་སངས་རྒྱས་བྱང་སེམས་ལ་མཆོད་པས་བསྙེན་བཀུར་བ་ལས་ཀྱང་ལྷག་པ་ཡིན།

ད་སྐབས་བོད་དམ་རྒྱ་ནག་གི་ས་ཆ་མང་པོའི་མི་རྣམས་ཀྱིས་བླ་མ་སྤྲུལ་སྐུ་རྣམས་ལ་འབུལ་བ་རྒྱ་ཆེན་པོ་སྟོབ་པ་ལས་གཉེན་གྱིས་དོར་བའི་ཕྲུ་གུ་དང་ནད་པ།ཁེར་རྐྱང་དུ་ལུས་པའི་གན་འཁོགས་སོགས་ལ་སྒོར་མོས་རོགས་སྐྱོར་བྱེད་མི་འདོད།དེ་ཡང་ལོས་ཡིན་ཏེ་གལ་སྲིད་མཆོད་པ་བསྟབ་སའི་བླ་མ་དེ་བྱང་ཆུབ་ཀྱི་སེམས་ཡང་དག་པར་ལྡན་པའམ་ཆགས་བྲལ་གྱི་སྐྱེས་བུ་ཆེན་པོ་ཞིག་ཡིན་ན་ཕན་ཡོན་བསམ་གྱིས་མི་ཁྱབ།ཡིན་ཡང་སྤྱིར་བཤད་ན་དམ་པ་དེ་དག་ལ་སྒོར་མོ་ཤིན་ཏུ་མོད་པས་གོས་ཆེན་སྟེང་དུ་མེ་ཏོག་གི་མཛེས་རིས་བྲིས་ཀྱང་དགོས་པ་དེ་ལས་བྱམས་དང་སྙིང་རྗེ་ཆེན་པོས་ཉམ་ཐག་པའི་སེམས་ཅན་དག་ལ་སྦྱིན་ན་བཟང་ཞིང་དེའི་ཕན་ཡོན་ཡང་སྔ་མ་ལས་ཆེས་ཤིན་ཏུ་རྒྱ་ཆེའོ།།

རྩིའི་ཕྱིར་ཞེ་ན།སེམས་ཅན་ནི་ད་གདོད་ཐེག་པ་ཆེན་པོའི་བྱང་ཆུབ་སེམས་ཀྱི་རྩ་བ་ཡིན།ཐེག་པ་ཆེན་པོའི་མདོ་སྡེ་དག་ལས་བྱང་ཆུབ་སེམས་དཔའི་ལས་གང་ཞེ་ན།སེམས་ཅན་གྱི་དོན་བྱེད་པ་ཁོ་ནའོ།།དེ་ལས་གཞན་དུ་གྱུར་པའི་བགྱི་བྱའི་ལས་ཤིག་མེད་ཅིང་ཟས་བཟའ་བ་དང་གོས་བགོ་བ་སོགས་ཀྱང་སེམས་ཅན་གྱི་དོན་དུ་ཡིན་ནོ་ཞེས་གསུངས།

སེམས་ཅན་གྱི་དོན་བྱེད་པ་ལ་ཐབས་གཉིས་ཡོད།དང་པོ་སེམས་ཅན་གྱི་དོན་ཐད་ཀར་བྱེད་པ་སྟེ་སྲོག་བླུ་བའམ་ཆོས་སྟོན་པ།སྦྱིན་པ་གཏོང་བ་སོགས་སོ།།གཅིག་ཤོས་ནི་སེམས་ཅན་གྱི་དོན་ཤུགས་ཀྱིས་བྱེད་པ་སྟེ་རང་གིས་ཆོས་སྒྲུབ་པའི་དགེ་བའི་རྩ་བ་ཐམས་ཅད་སེམས་ཅན་ཐམས་ཅད་ལ་བསྔོ་བ་ལྟ་བུའོ།།སྦྱོར་བ་འདིས་སེམས་ཅན་ལ་ཕན་ཐད་ཀར་མ་ཐོགས་ན་ཡང་ཤུགས་ཀྱིས་སེམས་ཅན་ལ་སྨན་པའི་རྒྱུ་རུ་འགྱུར་ནུས།

སྔོན་མི་ཞིག་གིས་ཐེག་པ་ཆེན་པོའི་ཆོས་ཀྱི་རིན་ཐང་གི་ལྟ་བ་གང་ཞིག་ཡིན་ཞེས་ང་ལ་དྲིས།སྐབས་དེར་ངས་ཡིད་གཉིས་སུ་མེད་པར་གཞན་དོན་ཁུར་དུ་འཁྱེར་བ་ནི་ཐེག་པ་ཆེན་པོའི་ཆོས་ཀྱི་རིན་ཐང་གི་ལྟ་བ་ཡིན་ཞེས་ལན་བཏབ་པ་ངས་དྲན་བཞིན་འདུག

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存