༢.༡༠ ཨུ་རུ་སུ་དང་ཡུག་རེན་གཉིས་ཀྱི་གསར་འགྱུར།འཁོར་སྣུམ་གོང་སྤར་བ།
ཡུག་རེན་སྲིད་གཞུང་གིས་ཕྱི་རྒྱལ་གྱི་དང་བླངས་པ་ཡུག་རེན་དུ་བསྐྱོད་དེ་དམག་དོན་བྱ་སྤྱོད་ནང་ཞུགས་ནས་རོགས་རམ་བྱ་རྒྱུའི་འབོད་སྐུལ་བྱས་རྗེས། རྒྱལ་ཁབ་མང་པོའི་དམག་ཞབས་ཐིམ་པའི་དམག་མི་སོགས་མི་ཁྲི་2ལྷག་ཡུག་རེན་དུ་བསྐྱོད་དང་སྐྱོད་ཀྱི་ཡོད་ཅིང་། ཉེ་ཆར། འཛམ་གླིང་གི་ལྐོག་གསོད་མཁན་རྩེ་གྲས་ཡིས་རང་ཉིད་ཀྱང་ཡུག་རེན་དུ་རོགས་བྱེད་དུ་འབྱོར་ཟིན་ཞེས་ཁྱབ་བསྒྲགས་བྱས་ཡོད།
གནས་ཚུལ་སྤེལ་བར་གཞིགས་ན། ལྐོག་གསོད་མཁན་དེས་དེ་སྔ་སྨི་3450ཡི་ཕ་རོལ་ནས་ལྐོག་མདའ་ཡིས་ཐལ་སྐྱོད་རྩ་འཛུཊ་ཀྱི་ཁོངས་མི་བསད་ཡོད་ཅིང་། བར་ཐག་དེས་ལྐོག་མདའི་དམག་འཐབ་ཀྱི་འཛམ་གླིང་ཟིན་ཐོ་བཏོད་པ་དང་། དེ་ནས་བཟུང་ཁོང་ལ་ཡང་འཛམ་གླིང་གི་ལྐོག་མདའ་འཕེན་མཁན་ནམ་ལྐོག་གསོད་མཁན་རྩེ་གྲ་ཡི་མིང་དེ་ཐོབ་ཡོད།
ཁོང་གིས་བརྙན་ཐུང་ཞིག་བརྒྱུད་བརྗོད་པ་ལྟར་ན། རང་ཉིད་ཁྱིམ་མི་དང་ཁ་བྲལ་ནས་ཡུག་རེན་དུ་འགྲོ་དགོས་དོན་ནི་རོགས་བྱེད་དགོས་ཡུལ་རྣམས་ལ་རོགས་རམ་བྱ་ཆེད་ཡིན་ཞེས་བརྗོད་ཡོད་པ་དང་། ད་དུང་ངས་གཟའ་འཁོར་གོང་མར་ད་དུང་གློག་ཀླད་ཀྱི་ལས་ཀ་ལས་བཞིན་ཡོད་མོད། གཟའ་འཁོར་འདིར་ཐན་རྒོལ་འཕུར་མདེལ་ཁྱེར་ནས་མི་གསོད་མགོ་ཚུགས་ཡོད་ཅེས་སོགས་བརྗོད་ཡོད།
ཨུ་རུ་སུས་ཡུག་རེན་ལ་དམག་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ནུས་ཤུགས་ཡོད་རྒུས་དཔལ་འབྱོར་དང་རིག་གནས། ཚན་རིག ལུས་རྩལ་སོགས་ཁྱབ་ཁོངས་མང་པོ་ནས་ཨུ་རུ་སུར་ཕྱོགས་ཡོངས་ནས་བཀག་སྡོམ་བྱས་དང་བྱེད་བཞིན་ཡོད།
ཨུ་རུ་སུའི་བརྙན་འཕྲིན་ལས་ཁུངས་ཀྱིས་ཉེ་ཆར་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་ལས་ཕྱིར་འཕུད་ཐབས་འཚོལ་བཞིན་ཡོད།
ཡུག་རེན་ལ་དམག་དོན་བྱ་སྤྱོད་སྤེལ་བ་ནས་བཟུང་། ཨུ་རུ་སུ་མཉམ་འབྲེལ་རྒྱལ་ཚོགས་ལས་ཕྱིར་འཕུད་པའི་སྐོར་གྱི་གཏམ་གླེང་ཉིན་རེ་ནས་ཉིན་རེར་ཇེ་མང་དུ་འགྲོ་བཞིན་ཡོད།
གཞན་ཡང་དབྱིན་ཇིའི་དབུ་བཞུགས་བློན་ཆེན་གྱི་མགྲིན་ཚབ་པས་དབྱིན་ཇི་སྲིད་གཞུང་གིས་ཀྱང་དོན་དེར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་པའི་སྐོར་བརྗོད་ཡོད།
དབྱིན་ཨ་གཉིས་ཀྱིས་ཡུག་རེན་གྱི་སྲིད་འཛིན་ག་དུས་ཡིན་ཡང་བཙན་བྱོལ་དུ་འགྲོ་ཐུབ་པའི་གྲ་སྒྲིག་བྱས་ཡོད།
ཉི་ཧོང་སྐབས་དོན་གསར་འགྱུར་ཁང་གིས་ཚེས་8ཉིན་དབྱིན་ཇིའི་གསང་འཕྲིན་ལས་ཁུངས་ཀྱི་འབྲེལ་ཡོད་མི་སྣས་བཤད་པའི་སྐད་ཆ་ལུང་དུ་དྲངས་ནས་སྤེལ་བའི་གནས་ཚུལ་ལྟར་ན། དབྱིན་ཇི་དང་ཨ་རིའི་གསང་འཕྲིན་ལས་ཁུངས་དང་དམག་མི་ལས་གྲུབ་པའི་དམིགས་བསལ་ཚོགས་ཆུང་ཞིག་ཡུག་རེན་དུ་མངགས་ནས་ཡུག་རེན་གྱི་སྲིད་འཛིན་ཙེ་ལན་སི་རྒྱལ་ས་ཅི་ཧྥུ་ནས་འབྲལ་བར་གྲ་སྒྲིག་བྱེད་བཞིན་ཡོད་པ་དང་། སྲིད་འཛིན་ག་དུས་ཡིན་ཡང་འབྲལ་ཐུབ་པར་གྲ་སྒྲིག་ལེགས་པོ་བྱས་ཟིན་ཡོད་པ་རེད།
མིག་སྔར། དབྱིན་ཇིའི་སྐམ་དམག་གི་དམིགས་བསལ་མཁའ་ཞབས་ཚོགས་པས(SAS)ཙེ་ལེན་སི་ཅི་སྲུང་སྐྱོབ་བྱ་རྒྱུར་གཞོགས་འདེགས་བྱེད་བཞིན་ཡོད།
དམིགས་བསལ་ཚོགས་ཆུང་དེས་ན་ནིང་གི་ཟླ་12པ་ནས་སྲིད་འཛིན་ཡུག་རེན་ནས་བྲོས་བྱོལ་བྱ་རྒྱུའི་འཆར་གཞི་བཟོས་ཟིན་ཡོད་པ་དང་། འཆར་གཞི་ལྟར་ན། ཙེ་ལེན་སི་ཅི་དང་ཡུག་རེན་གྱི་མཐོ་རིམ་དཔོན་རིགས་བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་པའི་རྒྱལ་ཁབ་ཏུ་ཕྱིན་ནས་ཡུལ་གྱར་སྲིད་གཞུང་འཛུགས་རྒྱུ་དང་། བྱང་ཆིངས་རྩ་འཛུགས་ཀྱི་ཁོངས་སུ་མི་གཏོགས་པའི་རྒྱལ་ཁབ་སུའེ་ཏེན་ཡང་གདམ་ག་གཅིག་གི་གྲས་སུ་བཞག་ཡོད།
དེ་ལྟར་ཡིན་མོད། ཡུག་རེན་ཕྱོགས་ཀྱིས་བསམ་ཡུལ་ལས་འདས་པའི་འགོག་རྒོལ་དྲག་པོ་བྱས་པ་མ་ཟད། ད་སྔའི་བར་ཙེ་ལན་སི་ཅི་རང་ཉིད་ལ་ཡུག་རེན་དུ་སྡོད་རྒྱུའི་འདུན་པ་བརྟན་པོ་ཡོད་པས། འཆར་གཞི་དེ་ལག་ལེན་དུ་བསྟར་མ་དགོས་པར་སོར་འཇོག་བྱས་ནས་ཡོད་པ་དང་། དུས་དང་རྣམ་པ་ཀུན་ཏུ་དེ་ལག་བསྟར་བྱེད་རྒྱུར་བསྒུག་ནས་བསྡད་ཡོད།