查看原文
其他

བླ་མ་དྲན་གླུ། རྩོན་པ་པོ། ལྷོད་ཡན།

ཕེབས། 👉 Qiu1980
2024-09-29






བླ་མ་དྲན་གླུ།

རྩོམ་པ་པོ།         ལྷོད་ཡན།


བདག་ཉིད་དད་པའི་ལྷ་དཀར་གང་།།

སྤྱི་བོའི་གཙུག་གིས་གུས་བྱས་པས།།

ལྷ་ཉིད་གང་གིས་ཤེས་རབ་ཀྱིས།།

ལེགས་བྱས་མཆོག་མཐུན་དངོས་སྒྲུབ་རྩོལ།།


བླ་མའི་ཐུགས་རྗེའི་ཉི་མ་ཡིས།།

དམན་པའི་པདྨོ་ཁ་ཕྱེས་ནས།།

ཆོས་ཀྱིས་སྣང་བ་སྦྱིན་མཛད་པའི།།

བཤེས་གཉེན་རྣམས་ལ་ཕྱག་འཚལ་ལོ།།


མིག་མེད་ལོང་བ་བདག་འདྲ་ཉིད།།

ཁྱེད་ཀྱི་ཐུགས་རྗེས་མ་འཛིན་ན།།

སྲིད་པའི་གནས་གཞི་འདི་དག་ནས།།

ནམ་ཞིག་ཐར་ལམ་རྙེད་པར་འགྱུར།།


མི་ཡི་སྐྱེ་བ་འཛིན་གྱུར་ཀྱང་།།

བླ་མའི་འཕྲིན་ལས་མ་འཇུག་ན།།

ཕལ་བའི་མི་ལུས་དེ་ཉིད་ཙམ།།

དལ་འབྱོར་གྲུ་ཆེན་ག་ལ་རུང་།།


འཁོར་བའི་ཐང་ཆེན་ཀུན་ཏུ་ཡང་།།

སྡུག་བསྔལ་མནར་བའི་ལུས་བླངས་དུས།།

གང་ཐུགས་ཉི་མའི་འོད་ཁྱབ་པས།།

རང་གི་སེམས་ཉིད་སྣང་བར་བྱས།།


འཁྲུལ་བའི་མུན་པས་ཤེས་རབ་སྒྲིབ།།

ཞེན་ཆགས་རེ་བའི་རྗེས་སུ་རྒྱུགས།།

ཆོས་ཞལ་བདེན་པའི་ཟླ་བ་ཡིས།།

ང་ཉིད་ཡོངས་སུ་སད་པ་བྱས།།


འཁོར་བའི་ཀློང་གི་ཟག་བཅས་གང་།།

ཐོབ་ཤོར་འཛིན་པའི་དྲ་བའི་གཟུགས།།

བླ་མའི་ཕྱག་བརྒྱས་མ་བཅད་ན།།

བདག་ནི་སྡུག་བསྔལ་གནས་སུ་ལྷུང་།།


གོམས་པའི་གནས་རིས་སྤང་ཐང་ནས།།

བག་ཆགས་དབང་གིས་སྲིད་པས་འཛིན།།

རློམ་མེད་བསླབ་ཁྲིམས་སྟོན་པས་ན།།

ངན་སོང་བཟློག་པའི་ལམ་ཡང་རྙེད།།


ཁ་ཟས་འཚོལ་བའི་འཇིག་རྟེན་དག།

དོན་མེད་འབད་པའི་ཚེ་སྲོག་ཀྱང་།།

དལ་འབྱོར་སྟོང་ལོག་མ་བྱས་གདམས།།

ཆོས་ཀྱི་གྲུ་ལ་འགོད་པར་བྱས།།


རྟག་འཛིན་བསླད་པའི་ལང་ཚོ་གང་།།

ནམ་ཞིག་གྱོད་པས་མནར་བར་འགྱུར།།

དཀར་ཆོས་དགེ་བའི་སྙིང་པོ་དག།

བརྩོན་པའི་ལས་ལ་སྐུལ་མ་གནང་།།


འདུས་པའི་ཟག་ཕུང་ཉི་ཚེ་བ།།

གཅེས་པའི་སེམས་ཀྱིས་འཚོ་བར་འདོད།།

ཚེ་སྲོག་ལ་ཁའི་ཉི་མ་ཉིད།།

འཆི་བའི་ལས་ཀྱིས་འཁྱེར་བར་འགྱུར།།

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存