查看原文
其他

གནའ་དེང་དབྱངས་རྟ་འཚོལ་བའི་རྒྱང་བཞུད་པ།

迦入 CHARU 2021-09-15



རྡུང་ལེན་པ་སྐལ་བཟང་བཀྲ་ཤིས་ནི་སྤྱི་ལོ༡༩༩༤ལོར་ཀན་ལྷོ་རྨ་ཆུའི་དངུལ་རྭ་སྡེ་བ་རུ་འཚར་ལོངས་བྱུང་ཞིང་། ཆུང་དུས་ནས་སྒྲ་སྙན་དང་གླུ་གར་ལ་སྤྲོ་བ་ཆེ་སྟབས། ལོ་བདུན་ལ་སོན་སྐབས་ཙམ་ནས་རང་གི་ཕུ་བོར་བརྟེན་ཏེ་མན་ཐོ་ལེན་སྒྲ་སྙན་དཀྲོལ་རྩལ་ལ་སྦྱང་བ་བྱས་པ་ལས་ཆུང་དུས་ནས་རྒྱལ་ཁབ་རིམ་པའི་སློབ་ཆུང་སོགས་ལ་འགྲིམ་པའི་གོ་སྐབས་མ་བྱུང་།

ཡིན་ཡང་སྤྱི་ལོ༢༠༠༧ལོར་རྭ་རྒྱ་ཤེས་རིག་ནོར་གླིང་ལ་ཞུགས་པའི་སྐལ་བཟང་མངོན་དུ་གྱུར་ཏེ་རྒྱ་བོད་དབྱིན་གསུམ་སོགས་ཐུན་མོང་རིག་གནས་སྐོར་ལ་སྦྱང་བ་ཧུར་ཐག་གནང་།ལྷག་པར་མཐོ་གཅིག་ནས་བཟུང་དབྱིན་ཡིག་ཆེད་སྦྱོང་བྱས་ཏེ་དབྱིན་སྐད་དང་དབྱིན་ཡིག་ལ་སློབ་སྦྱོང་ནན་ཏན་བྱས།སློབ་གྲྭར་འགྲིམ་པའི་སྐབས་དེ་དག་ཀྱང་། སྒྲ་སྙན་དཀྲོལ་ལེན་ལ་ཁ་འབྲལ་མ་མྱོང་སྟེ།ཁོང་གིས་སློབ་སྦྱོང་ཞོར་དུ་ཁོམ་སྐབས་བཙལ་ནས་སྒྲ་སྙན་དཀྲོལ་ལེན་སྦྱང་བ་ཧུར་ཐག་བྱས།སྐབས་དེ་ཙམ་ནས་སློབ་གྲྭའི་བྱ་འགུལ་ཆེ་མ་ཆུང་གསུམ་ལ་ཞུགས་ནས་གླུ་ངག་གི་མཆོད་པ་ཕུལ་བར་མ་ཟད།སློབ་རྭའི་གླུ་བ་མིང་གྲགས་ཅན་ཞིག་ཏུ་གྱུར།

སྤྱི་ལོ༢༠༡༤ལོར་སློབ་མཐར་ཕྱིན་ཞིང་།དེ་ནས་རིམ་གྱིས་ས་མཐར་འགྲིམ་པའི་འགོ་ཚུགས་ལ། རྒྱ་ནག་པེ་ཅིང་དང་ཞིས་ཨན། ལྷ་ས།ཁྲིན་ཏུའུ་སོགས་ནས་སློབ་སྦྱོང་དང་ཞོར་ལས་ལ་མཉམ་དུ་འབད།སྐབས་དེར་ཁོ་རང་ཉིན་མོར་ལས་ཞུགས་བྱས་ཏེ་བྲེལ་བ་ཆེ་ན་ཡང་།མཚན་མོར་རང་གི་སྒྲ་སྙན་བཟུང་ནས་སྤྱི་གླིང་སོགས་སུ་འཁྱམ་ཏེ།མཚན་མོའི་ཆུ་ཚོད་གཉིས་དང་གསུམ་ལ་མ་ཐོན་བར་དུ་དཀྲོལ་ལེན་ལ་སྦྱོང་བ་བྱས།


སྤྱི་ལོ༢༠༡༦ལོའི་ལོ་སར་ཚེས༥ཉིན་ནས་པེ་ཅིང་མ་སྐྱེས་ཨ་མ་རུ་ལས་ཞུགས་བྱས་ཤིང་།ཞོར་དུ་ལག་རྔ་དང་། guitarཔི་ཝང་། མངའ་རིས་སྒྲ་སྙན་སོགས་རོལ་ཆས་དུ་མ་ལ་སྦྱང་བ་མཐར་ཕྱིན་པ་བྱས།སྤྱི་ལོ༢༠༡༨ལོའི་དགུན་ཁ་ནས་ཁྲིན་ཏུའུ་མ་སྐྱེས་ཨ་མ་རུ་ལས་ཞུགས་བྱས་ཤིང་།རིམ་གྱིས་ཁྲིན་ཏུའུ་མ་སྐྱེས་ཨ་མའི་གླུ་བ་གཙོ་བོ་ཞིག་ཏུ་གྱུར།སྐལ་བཟང་བཀྲ་ཤིས་ལགས་ཀྱིས་ཆུང་ལོ་བདུན་ཙམ་ནས་སྒྲ་སྙན་དཀྲོལ་ལེན་ལ་སྦྱང་བ་བྱས་ཤིང་།དུས་དེ་ནས་བཟུང་སྒྲ་སྙན་ནི་རང་དང་ཁ་འབྲལ་ཐབས་མེད་པའི་དངོས་པོ་གལ་ཆེན་ཞིག་ཏུ་གྱུར།

དེ་ལྟར་སྤྱི་ལོ༢༠༡༧ཙམ་ནས་ཕྱོགས་སོ་སོའི་སྒྲ་སྙན་རྡུང་ལེན་འགྲན་སྡུར་དུ་མར་ཞུགས་ཤིང་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།དེས་ན་གླུ་བ་སྐལ་བཟང་བཀྲ་ཤིས་ལགས་ནི་གནའ་དེང་རིག་གནས་ཀྱི་སློབ་སྦྱོང་གི་རྒྱུད་རིམ་ལྡན་ཞིང་།རྒྱལ་ཁམས་འགྲིམ་པའི་ཉམས་མྱོང་ཕུན་སུམ་ཚོགས་པ་ཡོད་མཁན་ཞིག་ལགས་པས།ཁོང་གིས་བོད་ཀྱི་སྒྲ་སྙན་འདི་རང་མི་རིགས་ཀྱི་ཁྱད་ཆོས་མ་བོར་བའི་ཐོག་ཏུ།དཀྲོལ་རྩལ་གསར་བ་དུ་མ་ནང་འདྲེན་དང་གསར་གཏོད་བྱས་ཏེ་རྡུང་ལེན་སྒྱུ་རྩལ་འདི་འཛམ་གླིང་ཅན་དང་།དར་སྲོལ་ཅན་དུ་བསྒྱུར་བར་འབད་པ་དང་སྦྱང་བ་ཤུགས་ཆེར་གནང་མུས་སུ་མཆིས།


སློབ་གྲྭ་འགྲིམ་པའི་གནས་ཚུལ།
བྱིས་པའི་རྨི་ལམ་རྒྱུད་དྲུག་དབྱངས་ལས་རྙེད།

ང་རང་ལོ་ན་བདུན་བརྒྱད་ཡས་མས་ཀྱི་ཉིན་ཞིག་ལ་སྒྲ་སྡུད་འཁོར་ལོ་ཞིག་ལས་ཧ་ཅང་སྙན་འཇེབས་ཀྱི་གླུ་སྐད་ཅིག་ཐོས་ཤིང་།ཐོས་ནས་ཀྱང་ཡིད་སེམས་རང་དབང་མེད་པར་བཀུག་སྟེ་མགྲིན་པའང་དངངས་ཙམ་བྱས་སོང་།དེ་ནས་གླུ་དེ་ཇི་འདྲའི་སྙན་པ་ལ་ཨང་། འདི་སུ་ཞིག་གིས་བླངས་པ་རེད་ཅེས་ཨ་མར་དྲིས་པ་ན།ཨ་མས་དེ་ལོས་སྙན། གངས་ལྗོངས་ཁུ་བྱུག་སྔོན་མོ་བདུད་བྷེ་རེད་ཅེས་གསུངས་པའི་ཐོག་མའི་བག་ཆགས་ཀྱིས་སྣེ་དྲངས་ཏེ་དེ་རྒན་བདུད་བྷེའི་རྡུང་ལ་དགའ་ཞེན་ཆེ་བ་དེར་སློབ་སྦྱོང་བྱས།དུས་དེ་ནས་བཟུང་ད་ལ་ཐུག་གི་བར་དུ་རྒན་བདུད་བྷེའི་རྡུང་ལེན་མཐའ་དག་ལ་ཆད་མེད་དུ་མཉན་བཞིན་ཡོང་བ་ཡིན།



སློབ་རའི་དཀའ་སྡུག་དགའ་སྤྲོའི་འཛུམ་གྱིས་བསུས།

དེ་ལྟར་རང་ལོ་བཅུ་དྲུག་གི་བར་དུ་ཕྱུགས་རྫི་ནས་སྒྲ་སྙན་རྡུང་ལེན་ལ་རང་སྦྱོང་བྱས་ཏེ་འབྲོག་ཕྲུག་རྣལ་མ་ཞིག་གི་དུས་ཚོད་བསྐྱངས།ནང་མི་དང་ཕ་མའི་ངག་བཀོད་བཞིན་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས།

སློབ་གྲྭར་ཞུགས་པ་ནས་བཟུང་རྨང་གཞིའི་རིག་གནས་ཞན་སྟབས་སློབ་སྦྱོང་གི་གནོན་ཤུགས་ཆེ་བ།འཚོ་བའི་ཆ་རྐྱེན་ཞན་པ། སློབ་གྲྭའི་སྒྲིག་ལམ་དོག་པ་སོགས་ཀྱི་དབང་གིས་རེ་ཞིག་སློབ་མའི་འཚོ་བར་དཀའ་ཁག་མང་ནའང་སློབ་གྲྭའི་སྒྲིག་ལམ་དང་སློབ་སྦྱོང་ལ་ཧུར་ཐག་གིས་འབད་པ་བྱེད་ཞོར་གཟའ་མཇུག་གི་ངལ་གསོ་དང་སློབ་གསེང་གི་སྐབས་སུ་སྒྲ་སྙན་དཀྲོལ་བ་དང་མཚན་མོར་གཉིད་ཁར་ཡང་བདུད་བྷེའི་རྡུང་ལེན་ལ་ཐེངས་གཅིག་མཉན་རྒྱུ་ནི་ཆག་མེད་ཀྱི་གོམས་གཤིས་ཤིག་ཏུ་གྱུར།

ལྔ་རིག་མེ་ཏོག་ལྷོད་མེད་བརྩོན་པས་བཏུས།

གངས་ལྗོངས་ཤེས་རིག་ནོར་བུའི་གླིང་དུ་ཐོག་མའི་ཀ་ཁའི་སྦྱོར་ཀློག་ལས་རིག་པའི་གནས་ལྔར་བག་ཆགས་འཇོག་པའི་སྐལ་བཟང་ཤར།དེ་ནི་བཤེས་གཉེན་ཆེན་མོ་དགེ་རྒན་འཇིགས་མེད་རྒྱལ་མཚན་མཆོག་གི་བཀའ་དྲིན་ལས་དགེ་རྒན་བཛྲ་ཚུལ་ཁྲིམས་ཚང་དང་དགེ་རྒན་ལྡོང་ཡོན་ཏན་རྒྱ་མཚོ་ཚང་།དགེ་རྒན་གྱི་ལིང་འཇིགས་མེད། དགེ་རྒན་བསམ་འཕེལ་སོགས་ཀྱི་མདུན་སར་སུམ་རྟགས་དག་གསུམ་དང་།སྙན་ངག ལོ་རྒྱུས། ནང་བསྟན། བློ་སྦྱོང་། རྒྱ་ཡིག རྩིས་རིག རྩིས་འཕྲུལ། དབྱིན་ཡིག་སོགས་ལ་སྦྱོང་བ་བྱས། ཉིས་སྟོང་བཅུ་གཅིག་ལོར་མཐོ་གཅིག་འཛིན་གྲྭར་འཕར་རྗེས་དབྱིན་ཡིག་ཆེད་སྦྱོང་འཛིན་གྲྭར་རྒྱུགས་སྤྲད་དེ་རང་གི་དགའ་ཕྱོགས་ལྟར་དབྱིན་ཡིག་གི་བརྡ་སྤྲོད་ལ་སྦྱོང་བ་ནན་གྱིས་བྱས།

ཕྱིས་སུ་སློབ་མཐར་ཕྱིན་ཏེ་འཚོ་བའི་ཆ་རྐྱེན་སོགས་རྐྱེན་གང་མང་གིས་མུ་ནས་དབྱིན་ཡིག་ཆེད་སྦྱོང་བྱེད་མ་ཐུབ་ཀྱང་།ད་སྐབས་དབྱངས་ཡིག་སྦྱོང་བ་དང་ཕྱི་གླིང་གི་སྒྲ་རྟགས་ངོས་འཛིན།རོལ་མོའི་རྨང་གཞིའི་ཤེས་བྱ་ནས་རིམ་པ་བཞིན་རང་གི་སློབ་སྦྱོང་བྱེད་པ་ལ་ཕན་པ་མི་ཉུང་བ་ཐོབ།

སྙན་འཇེབས་དབྱངས་རྟ་དགེ་སློབ་སེམས་སུ་བསྐྱིལ།

ཐེངས་དང་བོར་རྭ་རྒྱ་ནས་འཛིན་གྲྭའི་འཐུས་ཚབ་ཏུ་སློབ་གྲྭའི་ཤེས་རིག་འགྲན་གླེང་གི་ལེ་ཚན་དུ་ཞུགས་ཏེ་རྒན་བདུད་བྷེའི་རྡུང་ལེན་རྟ་ཀྱོ་རྒྱ་ཞེས་པ་དེ་བླངས།དེ་ནི་ང་རང་གི་མི་ཚེའི་ཁྲོད་ཆེས་ཐོག་མར་ཆེས་ཆེ་བའི་གར་སྟེགས་སུ་བུད་པ་ཡིན་ལ།ཅུང་ཞིག་འཚུབ་ཆ་ལངས་མོད། དགེ་རྒན་རྣམ་པའི་བརྩེ་བའི་ཞལ་ཁྱིམ་དང་སློབ་གྲོགས་རྣམས་ཀྱི་དགའ་འབོད་ཁྲོད།སྤོབས་པ་དང་ཡིད་ཆེས་རྙེད་པ་མ་ཟད་དགེ་རྒན་རྣམ་པ་དང་དཔྱད་འདེམས་པས་སྐར་གྲངས་རྩེ་གྲ་གནང་སྟེ་སྐུལ་ལྕག་བཟང་བོ་ཐོབ།

ལྷག་པར་དུ་འཛིན་བདག་དགེ་རྒན་ཤེས་རབ་ལགས་ཀྱིས་ཆེད་དུ་འཛིན་གྲྭའི་ནང་བསྟོད་བསྔགས་བྱས་པས་རང་སེམས་ཀྱི་དགའ་ཕྱོགས་ལ་ཧུར་བརྩོན་གྱི་འདུན་པ་ཆེ་ཆེར་རྒྱས་ཏེ་རང་གི་གླུ་སྐད་ཀྱིས་རང་གི་བླ་མར་ཐུགས་དགྱེས་པའི་མཆོད་པ་ཕུལ་ཐུབ་པའི་རྟེན་འབྲེལ་གྱི་གནད་ལེགས་པར་འགྲིག་ཡོད་སྙམ་སྟེ་ཚད་མེད་ཀྱི་དགའ་སྤྲོ་དང་མུ་མཐུད་དུ་རྡུང་ལེན་གྱི་ཕྱོགས་ལ་སྦྱོང་བ་བྱས།

རྭ་རྒྱ་ནི་བོད་ཁུལ་སོ་སོའི་སློབ་མ་འདུ་ས་ཞིག་ཡིན་པས་དེར་རིག་གནས་ཀྱི་མཁའ་དབུགས་ཕུན་སུམ་ཚོགས་པ་ཞིག་ཆགས་ཡོད་ལ།ལྷག་ཏུ་དགེ་རྒན་ཚང་གི་སྙན་ངག་དཔེ་ཁྲིད་ཐོབ་པ་ནས་བཟུང་གླུ་ཚིག་གི་བསྟན་དོན་དང་སྒྱུ་རྩལ་གྱི་ཕྱོགས་ནས་ཀྱང་ཅུང་ཟད་རྟོགས་ཡོང་དུས་ཨ་མདོའི་རྡུང་ལེན་དང་ལྷག་པར་རྒན་བདུད་བྷེའི་རྡུང་ལེན་གྱིས་རང་གི་ཡིད་སེམས་ཡོངས་སུ་བཀུགས།


མངའ་རིས་སྒྲ་སྙན་བློས་ཐུབ་གྲོགས་སུ་བརྟེན།

དེ་བཞིན་སློབ་གྲྭ་ནས་འཛིན་གྲྭ་ཇེ་མཐོར་སོང་བ་དང་བསྟུན་སློབ་གྲྭའི་བྱ་འགུལ་ལ་ཞུགས་པའི་གོ་སྐབས་ཅུང་མང་བོ་ཐོབ་ཅིང་ཤེས་རིག་འགྲན་གླེང་དང་སློབ་གྲྭའི་འཁྲུངས་སྟོན་སོགས་ལ་སྒྲ་སྙན་རྡུང་ལེན་བླངས།དགེ་རྒན་དང་སློབ་གྲོགས་ཡོངས་ཀྱིས་སྐུལ་མ་དང་། འཛིན་གྲྭའི་ལས་འཛིན་པ་དང་འཛིན་བདག་དགེ་རྒན་སོགས་ཀྱི་ཐུགས་ཁུར་འོག་དམིགས་བསལ་གྱིས་འཛིན་གྲྭ་གོང་མའི་སློབ་གྲོགས་རྒན་པ་རྣམས་དང་མཉམ་དུ་ཐེངས་མང་བོར་སྒྲ་སྙན་དཀྲོལ་བ་དང་རིག་རྩལ་འཁྲབ་སྟོན་དུ་ཞུགས་པའི་གོ་སྐབས་ལན་མང་དུ་བསྩལ།

སློབ་གྲྭ་འདི་སློབ་མ་རང་རང་གི་འཇོན་ཐང་ལ་བརྩོན་ལེན་བྱེད་པའི་ཐབས་ཤེས་སྤྲོད་ས་ཞིག་ཡིན་སྟབས།སློབ་གྲོགས་མང་བོས་མངའ་རིས་སྒྲ་དཀྲོལ་བ་མཐོང་ཕྲད་མངའ་རིས་སྒྲར་རྒྱུས་ལོན་དང་སློབ་སྦྱོང་བྱས།དེ་ནས་ད་བར་ཏུ་མངའ་རིས་སྒྲའི་ཐོག་ནས་ཨ་མདོའི་སྒྲ་སྙན་རྡུང་ལེན་གྱི་དཀྲོལ་རྩལ་ལ་ཞིབ་འཇུག་དང་སློབ་སྦྱོང་བྱས།

གལ་ཏེ་ང་རང་གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་དུ་ཞུགས་མེད་པའི་དབང་དུ་བཏང་ན།ད་སྐབས་དེང་གཞས་རེ་ཟུང་ལེན་པའི་གླུ་བ་ཞིག་ཡིན་པ་ལས་བོད་ཀྱི་སྲོལ་རྒྱུན་རོལ་མོའི་ཁྱད་ཆོས་མངོན་དུ་གསལ་བའི་མངའ་རིས་སྒྲ་སྙན་འདི་དཀྲོལ་མཁན་ཞིག་ཏུ་གྱུར་མེད་པ་ཐག་ཆོད་རེད།

དེ་བཞིན་དགེ་རྒན་རྣམ་དང་མ་ཡུམ་སློབ་གྲྭ་ནི་ང་ལ་རིག་གནས་ཤེས་བྱ་དང་མི་གཞི་ཀུན་སྤྱོད་ལེགས་ལམ་དུ་བཏོང་བའི་དྲིན་ཅན་ཡིན་པ་མ་ཟད།སྒྱུ་རྩལ་གྱི་ལམ་ཁ་མ་ནོར་བ་འདིར་འཇུག་མཁན་ཡང་ཡིན།
 


རྡུང་ལེན་སྒྱུ་རྩལ་གྱི་འཁྱམ་ཉུལ་ལོ་ཟླ།
༡.ལྷ་སའི་འཚོ་བ་དང་ཁོའི་རྡུང་ལེན་སྒྱུ་རྩལ།

དེ་ནི་ཞོགས་པ་གསར་བ་ཞིག་རེད།ཉིས་སྟོང་བཅོ་ལྔ་ལོའི་དབྱར་ཟླ་དྲུག་པའི་ཚེས་གསུམ་གྱི་ཞོགས་པ་གསར་བ་ཞིག་རེད།ཨ་མདོ་བ་ཞིག་དབུས་སུ་བསྐྱོད་པའི་ཞོགས་པ་གསར་བ་ཞིག་རེད།ཕ་ཡུལ་རྩྭ་ཐང་ནས་གཞོན་ནུ་ལོ་ཆུང་ཞིག་གི་མི་ཚེ་མན་ཐོ་ལེན་དང་འགྲོགས་ཏེ་གྲོང་ཁྱེར་དུ་གོམ་ཁ་སྤོས་པའི་ཞོགས་པ་གསར་བ་ཞིག་རེད།རྨི་ལམ་སེམས་སུ་ཞུགས་པའི་ཞོགས་པ་གསར་བ་ཞིག་རེད།རྟེན་འབྲེལ་མ་བསྒྲིག་རང་འགྲིག་གི་ཞོགས་པ་གསར་བ་ཞིག་རེད།

རྨི་ལམ་རུམ་གང་ཁྱེར་ཏེ་ལན་ཀྲུ་མེ་འཁོར་ས་ཚུགས་སུ་འབྱོར་དུས་གསར་བུ་ལོ་ཆུང་ཞིག་གི་ནང་སེམས་ཕ་ཡུལ་དང་ཕ་མ་ལ་ཨེ་ཐོགས།ཆུང་འདྲིས་མ་དང་ཆུང་གྲོགས་ཚོ་རེ་རེ་བཞིན་ཡིད་ལ་ཨེ་ཤར།གློ་བུར་གློ་བུར་དུ་རང་ཉིད་གཅིག་པུ་ཡིན་པས་སེམས་པ་སྐྱོ་བོ་ཨེ་བྱུང་།ངོ་ཤེས་གཅིག་ཀྱང་མེད་པའི་མེ་འཁོར་འཁོར་སྒམ་ཨང་དགུ་བ་རུ་ཁྱེད་རང་གཅིག་པུས་མན་ཐོ་ལེན་ཤེད་ཀྱིས་བརྡུང་བ་ཨེ་དྲན།སྐྱོ་གླུ་ཤུགས་ཀྱིས་བླངས་པ་ཨེ་དྲན། དེ་དུས་ཁྱེད་ཀྱི་གླུ་སྐད་ལ་ཉན་མཁན་རང་ཉིད་ལས་མེད་ཀྱང་རང་སེམས་གསོ་ཐུབ་པ་ཨེ་དྲན།སེམས་པ་གྱེས་བྲལ་གྱིས་གདུང་ཡང་མན་ཐོ་ལེན་དང་མཉམ་དུ་ལམ་ལ་ཆས་སྟངས་དེ་ཨེ་དྲན།

ཉི་མ་ལྷ་ས།ད་ལྟ་ཁྱེད་ཀྱི་པང་དུ་ཨ་མདོ་བའི་སྐུ་མགྲོན་གསར་བ་ཞིག་སླེབས་ཡོད། མན་ཐོ་ལེན་ཞིག་རྒྱབ་ཏུ་ཁུར་ཏེ་རྐང་གསུམ་འཁོར་ལོ་བཞོན་པའི་ཞབས་ཕྱི་བ་ཞིག་སླེབས་ཡོད།ཉིན་རྒྱུན་ཨ་མདོའི་འབྲི་ཞོ(སུམ་ཡར་རྟགས་ཅན་གྱི་འབྲི་ཞོ།)དག་མ་ག་ས་གང་དུ་བསྐྱལ་ནས་ཁོམ་གྱིན་མེད་པའི་ཞབས་ཕྱི་བ་གཤིས་དྲང་ཞིག་སླེབས་ཡོད།མྱི་དེ་ནི་ལྷ་སའི་སྲང་ལམ་རེ་རེར་རྐང་གསུམ་འཁོར་ལོས་འཇལ་ཞིང་གླུ་ཡིས་རང་སེམས་གསོ་བའི་སྒྱུ་རྩལ་བ་ཞིག་ཡིན་ཤགཕོ་བྲང་པོ་ཏ་ལའི་ལྟག་རྒྱབ་དང་མཆོད་རྟེན་དཀར་པོའི་ཉེ་འཁོར་གྱི་ལྷིང་འཇགས་གླུ་ཡིས་དཀྲོགས་ཤིང་འབྲི་ཞོ་སྒོ་ཁར་སྐྱེལ་བའི་ཞབས་ཕྱི་བ་དེ་ནི་རྡུང་ལེན་པ་ཞིག་ཡིན་ཤག

ཉི་མ་ལྷ་ས།སྐུ་མགྲོན་འདི་ལ་རྨི་ལམ་མང་བས་དཔུང་རོགས་མཛོད་དང་། ལྷ་ས་ཞོལ་གྱི་ཚོང་བདགཨ་མདོ་བ་འདི་ལ་མན་ཐོ་ལེན་ལས་ཅི་ཡང་མེད་པས་ཐུགས་རྗེས་གཟིགས་དང་།ཉིན་དཀར་འཚོ་བའི་ཆེད་དུ་གཅིག་པུར་འདུར་བའི་ཁྱོད།ལུས་ལ་རྔུལ་ཆུ་ཁྲོམ་ཁྲོམ་བཞུར་ཡང་ཕྱི་མཁན་མེད་པའི་ཁྱོད།སེམས་པ་ངལ་ནས་ཨ་ཐང་ཆད་ཀྱང་སེམས་གསོ་ཞུ་མཁན་མེད་པའི་ཁྱོད།ཁྱེད་ཀྱི་ཁོམ་པའི་དུས་ཚོད་ནི་མཚན་མོ་ཡིན་ལ། མཚན་མོ་སླར་ཡང་མི་ཁོམ་དོན་ཅི།ཐང་མི་ཆད་དམ། གཉིད་མི་དུབ་བམ། ལུས་པོ་བདེ་བར་གནས་སམ།མཚན་མོ་ཁྱིམ་མཚེས་གཉིད་ལས་དཀྲོག་པའི་མན་ཐོ་ལེན་དེ་ཁྱེད་རེད་ཟེར་ཀམཚན་མོ་ཉལ་རོགས་གཉིད་ལས་སློག་པའི་གླུ་སྐད་དེ་ཁྱེད་རེད་ཟེར་ཀདེ་དུས་ཁྱེད་ལ་རྨི་ལམ་ཡོད་པས་མཚན་མོ་མ་དགོས་པ་ཨེ་རེད།དེ་དུས་ཁྱེད་ཀྱི་འཚོལ་སྙེག་གི་སེམས་སྒྲ་ལ་འཇགས་པ་མེད་པས་མཚན་མོའི་ལྷིང་འཇགས་མ་དགོས་པ་ཨེ་རེད།


༢.པེ་ཅིང་དང་ཁོའི་རྡུང་ལེན་སྒྱུ་རྩལ།

སྤུན་ཟླ། གང་ཞིག་གིས་བློ་བདེ་བོ་མ་བྱུང་བ་ཡིན་ནམ།ཅི་ཞིག་གིས་ཡིད་མ་ཚིམས་པ་རེད། སེམས་ཀྱི་རྨི་ལམ་གང་དེས་སླར་ཡང་ཁྱེད་ལ་བཙན་འཛུལ་བྱས་སོང་།དབུས་ནས་འཚོ་བ་ཙམ་ཞིག་རོལ་ཐུབ་པའི་ཞོར་དུ་རང་གིས་རྨི་བཞིན་པའི་རྨི་ལམ་སྟེ།རྡུང་ལེན་སྒྱུ་རྩལ་ལ་རང་སྦྱོང་ཅུང་ཟད་ཐུབ་པའི་ཁྱེད།སླར་ཡང་གནས་དེ་ནས་འདུག་མ་ཚུགས་པར་ རྒྱལ་ས་པེ་ཅིང་དུ་ཡོང་དོན་ཅི། གནས་འདི་ན་ཁྱེད་ལ་ངོ་ཤེས་གྲོགས་པོ་ཉུང་ལ།ཁ་ལྟ་འགྲོས་བཟང་མེད། ཡུལ་འཁྱམ་པ་ལ་ངོ་ཐང་ཆུང་། ཁྱེད་ལ་འགྲོ་རོགས་རྒྱུད་དྲུག་པི་ཝང་ལས་སུ་ཞིག་ཡོད།ཁྱེད་ཀྱི་ཡིད་ལ་བཅིངས་པའི་རྨི་ལམ་ཡོད་ཚད་མན་ཐོ་ལེན་ལས་སུ་ཡིས་གོ་ཐུབ།ཁྱེད་རང་མི་སྐྲག་གམ། ཁྱེད་ཀྱི་མི་ཚེ་ལ་ཉམས་ཉེས་ཐེབས་པར་མི་སྐྲག་གམ། ཉིས་སྟོང་བཅོ་ལྔ་ལོའི་སྤྱི་ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་གྱི་པེ་ཅིང་གི་ཞོགས་པ་སེམས་སུ་ཤོང་ངམ།མིག་ལ་ཆུད་དམ། རྣ་ཡིས་བཟོད་དམ།དབུས་ལྷ་ལྡན་ཞིང་གི་ཞོགས་པ་རེ་རེའི་མཛེས་སྡུག་གི་ཀློང་དང་།  བདེ་སྐྱིད་ཀྱི་ཁམས་སོགས་ཡིད་ལ་འཁོར་འཁོར་ཨེ་བྱུང་།

སྤུན་ཟླ། ད་ལྟ་པེ་ཅིང་དུ་སླེབས་ནས་ཟླ་བ་ག་ཚོད་འགོར་སོང་།ཡིད་ཚིམས་པའི་འཚོ་བ་ཞིག་རོལ་མ་ཐུབ་པ་ནི་རང་ཉིད་དང་འཚམས་པའི་ལས་ཀ་ཅི་ཡང་མ་རེག་པས་ལོས་ཡིན།རང་ཉིད་དང་འཚམས་པའི་ལས་ཀ་ཅི་ཡང་མ་རེག་པས་སེམས་སྡུག་ཡོད་ཚད་ཁྱེད་ཀྱིས་གླུ་སྐད་ལ་བཅོལ་བ་ལོས་ཡིན།སྐད་བརྡ་མི་འཕྲོད་པའི་རྒྱ་མི་དེ་དག་དང་།འགྲོ་ལུགས་གོམས་གཤིས་མི་འདྲ་བའི་ཞབས་ཕྱི་བ་དེ་ཚོའི་ནང་དུ། ཁྱེད་ལ་ཡིད་མཐུན་པའི་གྲོགས་ཤིག་མེད་པ་ཨེ་རེད།གླུ་ལེན་ཐུབ་པའི་དུས་ཤིག་མེད་པ་ཨེ་རེད། ཞབས་ཕྱི་བའི་ཉལ་ཁང་དང་རྒྱང་ཐག་ཅུང་རིང་བའི་སྤྱི་གླིང་ཆུང་ཆུང་དེ་དང་དེའི་མཚན་མོ་རེ་རེ་སླར་ཡང་ཁྱེད་ཀྱི་སྒྲ་སྙན་རྡུང་ལེན་གྱི་སྟེགས་བུར་གྱུར་སོང་བས།ཁྱེད་ཀྱི་གླུ་སྐད་ལ་ཉན་མཁན་མག་མོག་ཏུ་ཚེས་པའི་དགོང་གི་ཟླ་བ་དང་དུད་སྤྲིན་གྱིས་ཁེབས་པའི་སྐར་ཚོགས།ཁང་བརྩེགས་དང་སྲང་བར་སོ་སོ་ནས་མ་ཐར་བའི་བསེར་བུ།འཇགས་པ་མེད་པའི་གྲོང་ཁྱེར་གྱི་འུར་ཟིང་ལས་སུ་ཞིག་ཡོད།སྤུན་ཟླ་སེམས་པ་སྐྱོ་སྐྱོ་ཨེ་བྱུང་།

སྤུན་ཟླ། ཁྱེད་ཀྱིས་སེམས་ཁོང་གི་རེ་བ་བོར་མ་མྱོང་བས།ཁྱེད་ཀྱི་ཆེས་ཐོག་མའི་རྨི་ལམ་རྨི་མཚམས་མ་བཞག་པས།ཁྱེད་ཀྱི་མདུན་སྐྱོད་ཀྱི་གོམ་སྒྲ་ལ་འཇགས་པ་མེད་པས།
“ཤར་ཕྱོགས་རི་བོ་རྩེ་ནས། །
དཀར་གསལ་ཟླ་བ་ཤར་བྱུང་། །
མ་སྐྱེས་ཨ་མའི་ཞལ་རས། །
ཡིད་ལ་འཁོར་འཁོར་བྱས་སོང་། ། ”

གླུ་སྐད་དེ་ནི་དགུན་ཁ་འདིར་པེ་ཅིང་ནས་གསར་དུ་གོ་ཐུབ་པའི་བོད་ཀྱི་གླུ་སྐད་ཅིག་རེད།ནང་སེམས་དྲོད་ལ་བསྲེས་ཆོག་པའི་ཁྱེད་ཀྱི་གླུ་སྐད་ཅིག་རེད། ཁྲོ་ཡང་ཆས་(朝阳区)དང་ཅན་ཀོ་མིན(建国门)ནས་གོ་ཐུབ་པའི་ཨ་མདོའི་རྡུང་ལེན་ཞིག་རེད།དུས་ཚོད་དེ་ནི་ཏག་ཏག་སྟོང་ལོ་བཅུ་དྲུག་གསར་དུ་ཚེས་པའི་ཟླ་དང་བོའི་ལོ་སར་ཚེས་ལྔའི་ཉིན་གྱི་ཕྱི་དྲོ་ཞིག་རེད།དུས་དེ་ནས་བཟུང་ཁྱེད་ལ་རང་དང་འཚམས་པའི་ལས་ཀ་ཡོད་པས་ནང་སེམས་སྤྲོ། གླུ་ངག་གི་སྒྱུ་རྩལ་ཕྱི་རུ་མངོན་པའི་གར་སྟེགས་ཡོད་པས་སྤྲོ་སྣང་ཆེ།ཨ་མདོའི་རྡུང་ལེན་སྒྱུ་རྩལ་གྱིས་རང་གི་འཚོ་ཚིས་ཙམ་ཁག་ཐེག་ཡོང་བས་འཚོ་བར་སྤྲོ་སྣང་གིས་ཁྱབ།དུས་འདི་ནས་བཟུང་སྟེ་པེ་ཅིང་མ་སྐྱེས་ཨ་མ་ཁྱེད་ལ་བཀའ་དྲིན་ཆེ།གློ་ཁུག་སྟོང་བ་ཡིན་པའི་ནམ་ཟླ་དང་ཟ་མ་ཟ་རྒྱུ་མ་རྙེད་པའི་དུས་ཚོད་རེ་ཞིག་མཇུག་རྫོགས།ཁྱེད་ཀྱི་ཨ་མདོའི་རྡུང་ལེན་མ་སྐྱེས་ཨ་མར་བཀའ་དྲིན་ཆེ། བཀའ་དྲིན་ཆེ།སྤུན་ཟླ་ཁྱེད་ཀྱིས་དངོས་གནས་དཀའ་ལས་མྱངས་བྱུང་།


༣.ཞིས་ཨན་དང་ཁྱེད་ཀྱི་གླུ་སྐད།

ཁྱེད་ཀྱི་ནང་སེམས་ཀྱི་འཚོ་བ་ཞིག་རོལ་ཐབས་མ་ཡོད་པ་ཨེ་རེད། ཅུང་ཙམ་གཏན་འཇགས་སུ་ཡོད་པའི་འཚོ་བ་འདི་སླར་ཡང་བསྐྱུར་བྱུང་།སྒོར་མོ་གཅིག་ཀྱང་མེད་པའི་སྔོན་ཆད་ཀྱི་སྐྱོ་ལ་སྡུག་པའི་རྣམ་ཐར་དེ་སླར་ཡང་མཇུག་སྐྱོང་བསམ་པ་ཨེ་རེད།པེ་ཅིང་ནས་ཞིས་ཨན(西安)དུ་ལམ་ལ་ཆས་དུས་སྟོང་ལོ་བཅུ་བདུན་ལོའི་ཟླ་ལྔ་བའི་ཟླ་དཀྱིལ་ཨེ་རེད།ཞིས་ཨན་ན་ངོ་ཤེས་གཅིག་ཀྱང་མེད་པའི་ཁྱོད། སྙིང་སྟོབས་ལྡན་པ་ལ་ཨང་།འཚོ་བ་སྐྱོ་དུས་སྡུག་དུས་ཐམས་ཅད་མྱངས་ཚར་བས་ཡིན་ནམ།ཁྱེད་རང་ལ་མན་ཐོ་ལེན་དང་གླུ་སྐད་ཡོད་པས་ཡིན།སེམས་སུ་རྨིས་པའི་རྨི་ལམ་གང་ཡིན་ཡང་མངོན་འགྱུར་བྱེད་ཐུབ་པའི་སྤོབས་སེམས་དེ་དང་མདུན་སྐྱོད་ཀྱི་གོམ་སྒྲ་ཡོད་པས་ཁྱེད་རང་རང་སེམས་ནས་དུས་གཏན་དུ་ཕམ་མ་མྱོང་བའི་མི་དེ་རེད།

ཞིས་ཨན་གྱི་ཐང་བོད་གནའ་ལམ་བོད་གཞས་ཁང་གིས(唐蕃故道藏域主题会馆)ཁྱེད་རང་ཕེབས་པར་དགའ་བསུ་ཞུས་པས།ཁྱེད་ཀྱིས་བློ་བདེ་བག་ཕེབས་པོས་འཚོ་བ་ཞིག་རོལ་ཐུབ་ཡོད་ལས་ཆེ།བོད་གཞས་ཁང་དེའི་གར་སྟེགས་ལས་རོལ་མོ་སྣ་ཚོགས་སྦྱོང་ཞོར་འཁྲབ་ཞོར་བྱས་པས་ཕྱོགས་སོ་སོ་ནས་ཕེབས་པའི་མགྲོན་པོ་རྣམས་ཀྱི་གདོང་ལ་ཡིད་ཚིམ་པའི་རྣམ་འགྱུར་གཞན་ཞིག་མངོན།གླུ་གཞས་སྣ་ཚོགས་པའང་སྦྱོང་ཞོར་ལེན་ཞོར་བྱས་པས་སྐད་རིགས་མི་འདྲ་བའི་མགྲོན་གྱི་ཚོགས་ལ་སྤྲོ་སྣང་གཞན་ཞིག་སྟེར།བོད་སྐད་དང་དབྱིན་སྐད་གཉིས་ཀྱིས་མདོ་འཛིན་སྟབས་བདེ་རེ་བྱས་པས་དེར་འདུས་འཛད་སྤྱོད་པའི་སེམས་ལ་མཚར་སྣང་སྣ་ཚོགས་སྟེར།

ཁྱེད་ཀྱིས་དེ་ལྟ་བུའི་འཚོ་བ་དེ་འདི་གར་མི་གཏོང་བའི་ངེས་པ་ཁྱོན་ནས་མེད་མོད།ད་ལྟ་ཁྱེད་ཀྱིས་དུས་ངེས་མེད་དུ་བཏང་ན་ཡང་མི་ཆོག་པ་མེད།ཁྱེད་ལ་ཉན་མཁན་དང་གར་སྟེགས་གང་དུ་ཡང་ཡོད་པས།ཁྱེད་རང་ཉིད་ལ་ཡང་ཡིད་ཆེས་ལྷག་མ་ཞིག་ཡོད་ངེས་པ་རེད།


༣.སྤོས་ལྡན་གྲོང་ཁྱེར་དང་མ་སྐྱེས་ཨ་མ།

རྨི་ལམ་མང་བའི་གཞོན་ནུ།གནས་གཅིག་ཏུ་གཏན་དུ་འདུག་བཟོད་མེད་པའི་གཞོན་ནུ།དེ་ནི་སེམས་ལ་སྦྲུམ་པའི་རྨི་ལམ་གྱི་ལྷ་མོས་ཁྱེད་ཉིད་བསྒུལ་བ་ཨེ་རེད།ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་གཉིས་པའི་ཟླ་དཀྱིལ་དུ་ཁྱེད་རང་སྤོས་ལྡན་གྲོང་ཁྱེར་དུ་འབྱོར་ཡོད།སྤོས་ལྡན་གྲོང་ཁྱེར་དུ་ཁྱེད་ལ་མ་སྐྱེས་ཨ་མས་བསྒུག་ཡོད་པ་ནམ་ཞིག་ལ་ཤེས།པེ་ཅིང་མ་སྐྱེས་ཨ་མ་ནས་ལས་མཚམས་བཞག་མོད། ཁྲིན་ཏུའུ་མ་སྐྱེས་ཨ་མས་ཁྱེད་རང་ཕེབས་པར་དགའ་མགུ་ཡིད་རབ་ཏུ་སྤྲོ།དེ་ཡང་ལོས་ཡིན་ཏེ། ཁྱེད་ནི་ཨ་མདོའི་རྡུང་ལེན་པ་ཆིག་རྐྱང་ཞིག་མ་ཡིན་པར།མང་གླུ་དང་དེང་རབས་གླུ་གཞས།གེལ་ཐུ་དང་ལག་རྔ་སོགས་ཀྱི་མཚོན་པའི་གླུ་གཞས་དང་རོལ་མོ་སྣ་ཚོགས་སྦྱོང་བཞིན་པའི་གཞོན་ནུ་ཁྱད་འཕགས་ཤིག་ཡིན་པས་ཨེ་མིན་འགྲོ།

ཧེ། སྤུན་ཟླ། ད་ལྟ་སེམས་སུ་ག་རེ་དྲན་གྱིན་ཡོད།གནས་དེ་ག་རུ་འཚོ་བ་སྟབས་བདེ་ཞིག་རོལ་ཐུབ་ན་ཡང་། མི་ཚེ་གླུ་ངག་སྒྱུ་རྩལ་ལ་ཐིམ་ཐུབ་ན་ཡང་།སེམས་སུ་ག་རེ་དྲན་གྱིན་ཡོད།ཡང་གནས་གཞན་ཞིག་ཏུ་སེམས་ཀྱི་ལོངས་སྤྱོད་འཚོལ་དུ་འགྲོ་བསམ་གྱིན་ཨེ་ཡོད།སྒྱུ་རྩལ་བ་ནི་མ་གཞི་ནས་གནས་གཅིག་ཏུ་སྡོད་ཐབས་མེད་པའི་རིགས་དེ་ཨེ་རེད།འཚོ་བ་རང་དབང་ལ་ཡོང་ན་ཡང་སེམས་པ་རང་དབང་ལ་མི་ཡོང་བའི་རིགས་དེ་ཨེ་རེད།ཁྱེད་ཀྱིས་བཤད་མྱོང་བ་བཞིན།རྡུང་ལེན་སྦྱོང་བ་དང་ལེན་པ་ནི་རྡུང་ལེན་གྱི་ཆེད་དུ་མིན་པར་ནང་སེམས་ཀྱི་ལོངས་སྤྱོད་དེའི་ཆེད་དུ་ཡིན་ཟེར་ར།དེ་ཡིན་པར་ཆ་བཞག་ན།ཁྱེད་ཀྱི་ནང་སེམས་ཀྱི་ལོངས་སྤྱོད་ལ་ཚིམ་པ་མེད་པས་ཁྱེད་ཀྱི་རྡུང་ལེན་ལ་མཐའ་ཡོད་མི་སྲིད།རྡུང་ལེན་སྒྱུ་རྩལ་ལ་མཐའ་ཡོད་མི་སྲིད།དེ་བཞིན་དུ་ཁྱེད་ཀྱི་འཁྱམ་ཉུལ་ལོ་ཟླ་ལ་ཡང་མུ་མཐའ་མེད་པས་ཁྱེད་ཉིད་དུས་རྟག་ཏུ་རྡུང་ལེན་སྒྱུ་རྩལ་ལ་ཁྲེལ་གཞུང་འཚོ་རོགས་ཀྱི་ཨ་མདོའི་བུ་ཆུང་དེ་གནང་རོགས།དུས་ནམ་ཀུན་ཏུ་ཁྱེད་ཉིད་ཨ་མདོའི་རྡུང་ལེན་སྒྱུ་རྩལ་ལ་ཚེ་སྲོག་གི་ཡང་སྙིང་གཞན་ཞིག་འཚོལ་བའི་བྱེད་པོ་དེ་གནང་རོགས།

སྤུན་ཟླ།སྐྱིད་སྡུག་གང་གི་སྐབས་སུ་ཡང་ཁྱེད་ཀྱི་ལག་པས་སྒྲ་སྙན་མ་བཏང་བས་ཁྱེད་ཉིད་ངེས་པ་དོན་གྱིས་རྡུང་ལེན་སྒྱུ་རྩལ་བ་ཁྲེལ་ཡོད་ཅིག་རེད།འཚོ་བ་བཟང་ངན་གང་གི་དུས་སུ་ཡང་ཁྱེད་ཀྱིས་ངག་ནས་གླུ་སྐད་མ་འགག་པས་ཁྱོད་ཉིད་རང་དང་སྒྱུ་རྩལ་ལ་ཁ་ཞེ་གཉིས་མེད་ཀྱིས་བློ་དཀར་མཁན་ཞིག་རེད།དར་རྒུད་གང་གི་སྐབས་སུ་ཡང་ཁྱེད་ཀྱི་མགོ་འཕང་ལ་མཐོ་དམན་མི་ཤོར་བས་ཁྱེད་ནི་ངེས་པ་དོན་གྱིས་རྡུང་ལེན་སྒྱུ་རྩལ་བ་སྒེར་ཚུགས་ཅན་ཞིག་རེད།མདོར་ན་ཁྱེད་ལ་མངའ་རིས་སྒྲ་སྙན་ཡོད་པས་མགུ་འདུག་ལ། གླུ་སྐད་ཡོད་པས་ཚིམ་འདུག
ཕོ་ལྷ་བསྭོ། ཁྱེད་རང་ཉིད་ཀྱི་ནང་སེམས་སུ་འཚོ་ཐུབ་པར་ཤོགཁྱེད་རང་ཉིད་ཀྱི་རྡུང་ལེན་སྒྱུ་རྩལ་གྱིས་འཚོ་ཐུབ་པར་སྨོན།
མཐར་ཁྱེད་དང་ཨ་མདོའི་རྡུང་ལེན་དར་ཞིང་རྒྱས་པར་སྨོན།
ཁྱེད་དང་གླུ་ངག་གི་སྒྱུ་རྩལ་ལ་ཉམས་པ་མེད་པར་ཤོག
༢༠༢༠/༡༠/༢༩ གཟའ་ཕུར་བུ།


 

ཟུར་བཀོད། 

ན་ནིང་གཞེས་ནིང་གི་རྡུང་ལེན་འགྲན་སྡུར་སོ་སོར་ཞུགས་པའི་གྲུབ་འབྲས། 


སྤྱི་ལོ༢༠༡༧ལོའི་ཟླ༡༠བའི་ཚེས༨ཉིན། མདོ་ཁམས་ཡུལ་གྱི་སྐབས་དང་པོའི《གངས་རིའི་གདངས་དབྱངས》ཞེས་པའི་རྡུང་ལེན་འགྲན་ཚོགས་ཆེན་མོའི་ཨང་གསུམ་པ་ཐོབ། 

སྤྱི་ལོ༢༠༡༧ལོའི་ཟླ༡༠བའི་ཚེས༡༦ཉིན། མདོ་ཁམས་ཡུལ་གྱི་སྐབས་དང་བོའི《རྒྱུད་སྐུད་ཀྱི་ལམ་བུ》ཞེས་པའི་དཀྲོལ་ལེན་འགྲན་ཚོགས་ཆེན་མོའི་སྟེང་ཨང་གསུམ་པ་ཐོབ། 

སྤྱི་ལོ༢༠༡༧ལོའི་ཟླ༡༡ཚེས༢༦ཉིན། 《ཁྱེད་དང་ངའི་མགྲིན་དབྱངས》ཞེས་པའི་མདོ་ཁམས་ཡུལ་གྱི་སྐབས་དང་བོའི་རྡུང་ལེན་འགྲན་སྡུར་ཁྲོད་བྱ་དགའ་ཨང་དང་པོ་ཐོབ། 

སྤྱི་ལོ༢༠༡༨ལོའི་ཟླ༡པོའི་ཚེས༧ཉིན། མདོ་སྨད་ཡུལ་གྱི་སྐབས་གཉིས་པའི《ཚངས་སྲས་ལྷ་མོ་དགྱེས་པའི་མཆོད་དབྱངས》ཀྱི་སྒྲ་སྙན་རྡུང་ལེན་འགྲན་ཚོགས་ཆེན་མོའི་སྟེང་བྱ་དགའ་ཨང་དང་པོ་ཐོབ། 

སྤྱི་ལོ༢༠༡༨ལོའི༡པོའི་ཚེས༢༢ཉིན། མདོ་ཁམས་ཡུལ་གྱི་རྡུང་ལེན་འགྲན་ཚོགས་ཆེན་མོ《ལྷ་བཙན་སྐྱེས་རི་མཆོད་པའི་དུང་སྒྲ》ཞེས་པའི་འགྲན་ཚོགས་ཁྲོད་ཨང་གསུམ་པ་ཐོབ། 

སྤྱི་ལོ༢༠༡༩ལོའི་ཟླ༩བའི་ཚེས༧ཉིན། མདོ་ཁམས་ཡུལ་གྱི་སྐབས་དང་པོའི《ཚངས་སྲས་ངག་གི་མཆོད་པ》ཞེས་པའི་རྡུང་ལེན་འགྲན་ཚོགས་ཆེན་མོའི་སྟེང་ཕུལ་བྱུང་བྱ་དགའ་ཐོབ། 

སྤྱི་ལོ༢༠༡༩ལོའི་ཟླ༡༠བའི་ཚེས༢ཉིན། ཉིས་ཁྲི་རྟགས་མའི་མདོ་ཁམས་ཡུལ་གྱི《ཨ་ཁུ་པདྨ》ཞེས་པའི་སྒྲ་སྙན་རྡུང་ལེན་འགྲན་ཚོགས་ཆེན་མོའི་ཁྲོད་བྱ་དགའ་ཨང་གཉིས་པ་ཐོབ། 

སྤྱི་ལོ༢༠༡༩ལོའི་ཟླ༡༡པའི་ཚེས༡༩ཉིན། མདོ་ཁམས་ཡུལ་གྱི་སྐབས་དང་པོའི《མཐུན་སྒྲིལ་གསེར་གྱི་ཨ་ལོང》ཞེས་པའི་སུམ་ཁྲི་རྟགས་མའི་རྡུང་ལེན་འགྲན་ཚོགས་ཆེན་མོའི་ཁྲོད་བྱ་དགའ་ཨང་དང་བོ་ཐོབ། 

སྤྱི་ལོ༢༠༡༩ལོའི་ཟླ༡༢པའི་ཚེས༡༤ཉིན། མདོ་ཁམས་ཡུལ་གྱི་སྐབས་གཉིས་པའི་རླངས་འཁོར་རྟགས་མའི་རྡུང་ལེན་འགྲན་ཚོགས་ཆེན་མོའི་སྟེང་བྱ་དགའ་ཨང་དང་པོ་ཐོབ། 

 

སྤྱིའི་རྩོམ་སྒྲིག་པ། གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སྐབས་བཅུ་བདུན་པའི་མཐར་ཕྱིན་འཛིན་གྲྭ།

ལག་བསྟར་རྩོམ་སྒྲིག་པ། སེར་སྐོར་འཇམ་ཚེ། མཐེབ་ཐོགས་ཕྲུག ལེགས་བཤད་རྡོ་རྗེ། རིག་འཛིན་ཉི་མ། ཀུན་ལི། ར་མདའ་བ། 

སྙན་སྒྲོན་པ། གཙུག་གཡུ། རྨ་ལྷོ་མེ་ཟླུམ།  ལེགས་བཤད་རྡོ་རྗེ། 



往期文章

可点击图片阅读

མེས་པོའི་དབྱངས། | 布达拉最后的宫廷嘎尔珠—扎西次仁。

ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲི་ནག་འོ་མ་དང་ཨ་རིའི་འོ་མ་མཉམ་བསྡུར་བྱེད་པ།

སྤྱི་ཕན། མཁྱེན་བརྩེ་རིན་པོ་ཆེས་ཇུས་འགོད།

为我们讲述您的故事,您与藏地的故事
加入迦入,微信号:charuspace
为我们讲述您的故事,您与藏地,与牧人的故事
图文来源藏文投稿
请勿随意印刷转载 后果自负
合作及投稿邮箱:charuspace@163.com
: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存