查看原文
其他

གད་སྙིགས་བཏུས་ནས་དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་འཛུགས་མཁན།

迦入 CHARU 2021-09-15


འཇུ་བསོད་ནམས་རྡོ་རྗེ།


དམངས་སྲོལ་རིག་གནས་ཞིབ་འཇུག་པ། 
མགོ་ལོག་དམངས་སྲོལ་བཤམས་སྟོན་ཁང་གསར་འཛུགས་མཁན། 

ལོ་ངོ་ཉི་ཤུ་ལྷག་གི་རིང་ལ་གནའ་རྫས་ཉར་ཚགས་བྱས་ཏེ། བོད་ཀྱི་གནའ་རྫས་ལ་ཞིབ་འཇུག་གཏིང་ཟབ་བྱས། ལྷག་པར་དུ་གནའ་རྫས་ཀྱི་ལོ་རྒྱུས་རིག་གནས་དང་དུས་ཡུན་སྔོན་དཔག་ལ་བྱང་ཆ་ལྡན་པར་གྱུར། དེ་དང་བསྟུན་ནས་གཏེར་དངོས་དང་སྐྱེ་དངོས་ཞིབ་འཇུག རོང་འབྲོག་མི་དམངས་ཀྱི་དམངས་སྲོལ་རིག་གནས་སོགས་ལའང་ལོ་མང་པོར་ཞིབ་འཇུག་བགྱིས་མྱོང་། དམངས་སྲོལ་རིག་གནས་ཞིབ་འཇུག་པ་དང་། གནའ་རྫས་ཉར་ཚགས་མཁན། ལྷ་འདྲེ་དང་སྲོག་ཆགས། སྐྱེ་དངོས་བར་གྱི་འབྲེལ་བ་ཞིབ་འཇུག་མཁན། མགོ་ལོག་དམངས་སྲོལ་བཤམས་སྟོན་ཁང་གསར་འཛུགས་མཁན། མི་ལ་ཙི་ཙི་སྐྱེ་ཁམས་རིག་གནས་མཉམ་སྒྲུབ་མི་སྣ་བཅས་ཡིན།

བཅར་འདྲི་བྱ་ཡུལ། འཇུ་བསོད་ནམས་རྡོ་རྗེ།
འདྲ་པར་ཡོང་ཁུངས། འཇུ་བསོད་ནམས་རྡོ་རྗེ།
བཅར་འདྲི་རྩོམ་འབྲི་བ། ཕུར་སྲུང་སྐྱབས།
ཡིག་བསྒྱུར་བ། ལིའུ་ཧྲི།



བཤམས་སྟོན་ཁང་གི་སྦྲ་ནག་ནང་གི་བཀོད་པ་རང་སོར་བཞག་པ།  མཁོ་ཆས་མང་པོ་དང་རྣམ་པའི་ཞིབ་ཆ་ལ་སོགས་པ་དེང་རབས་མཐོང་བར་དཀའ་བ་ཞིག་རེད།


འཇུ་བསོད་ནམས་རྡོ་རྗེ་ལགས་ཀྱི་དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་འཛུགས་པའི་དམིགས་ཡུལ་དང་ཐོག་མའི་བསམ་ཚུལ།


ང་ནི་ཕ་ཡུལ་མཚོ་སྔོན་ཞིང་ཆེན་མགོ་ལོག་གཅིག་སྒྲིལ་རྫོང་གི་འབྲོག་མི་དཀྱུས་མ་ཡིན་ཞིང་མིང་ལ་འཇུ་བསོད་ནམས་རྡོ་རྗེ་ཟེར། ཚོང་ལས་གཉེར་ནས་རང་ཁ་རང་གསོ་བྱས་ནས་ཡོང་བ་ཞིག་ཡིན། ང་ཚོ་མི་སུ་ཞིག་ལ་མཚོན་ནའང་བྱ་བ་ཅི་ཞིག་སྒྲུབ་རུང་རྒྱུན་སྐྱོང་དང་སྡུག་རུས། སེམས་ཤུགས། དམིགས་ཡུལ་ལ་སོགས་པ་ནི་ངེས་པར་ཏུ་མཁོ་བ་ཞིག་རེད། 

སྔོན་ཆད་ངེད་བཟའ་ཟླ་གཉིས་ཀྱི་ལོ་༢༠ལྷག་གི་ཡར་སྔོན་དུ་གནའ་རྫས་བཙོང་བའི་མགོ་བརྩམས་པ་ཡིན་ལ། དེང་ཐོག་དེའི་སྐབས་སུ་འཚོ་བའི་ཆ་རྐྱེན་མི་བཟང་པའི་རྐྱེན་གྱིས་ངེད་བཟའ་ཟླ་གཉིས་ཀྱིས་གད་སྙིགས་བཏུས་ནས་འཚོ་བ་རོལ་བ་ཡིན། 

མགོ་ཆ། 


གད་སྙིགས་གཙོ་བོ་ལྕགས་རིགས་དང་འགྱིག་ཤོག་གི་རིགས། ཤོག་བུའི་རིགས་མང་པོ་ཉོས་ནས་རྒྱ་ནང་དུ་བཙོང་པ་ཡིན། དེའི་སྐབས་སུ་འབྲོག་པ་མང་ཚོགས་མང་པོའི་སྔོན་ཆད་ང་རང་ཚོའི་མེས་པོ་རྣམས་ཀྱི་བཀོལ་སྤྱོད་བྱེད་མྱོང་བའི་རག་དང་ཟངས། ལྕགས་སོགས་ཀྱི་གྲུབ་པའི་རྫ་མ་དང་ཐོམ་བུ་ལ་སོགས་དངོས་པོ་དག་ཁ་སང་དེ་རིང་བཀོལ་སྤྱོད་བྱེད་བཞིན་མེད་པའི་ཁར་ལ་ཤས་ཤིག་གད་སྙིགས་ནང་དུ་འཕངས་ནས་ལ་ཤས་ཤིག་བཙོང་བཞིན་པའི་སྐབས་སུ་ང་རང་འདི་ལ་ཡ་མཚར་ནས་དགའ་ཞེན་དང་དུངས་ཞེན་འདྲ་བྱུང་ནས་ཁོ་ཚོར་དངོས་པོ་དེ་དག་རྒྱ་ནང་དུ་མ་བཙོང་བར་རང་རང་གི་ཁྱིམ་ནང་དུ་བཤམས་ན་བཟང་རྒྱུ་རེད་ཅེས་བཤད་པ་ཡིན།  

གྲོགས་པོ་སྐོར་ཞིག་གིས་ང་དང་འབྲེལ་བ་བྱས་ནས་དངོས་པོ་འདིའི་རིགས་ཁྱེད་ཀྱིས་ཉོ་བཞིན་ཨེ་ཡོད་ཟེར་བ་དང་སྐོར་ཞིག་གིས་དངོས་པོ་འདི་དག་ཁྱེད་ཀྱིས་བཙོང་དང་ངས་ཉོ་ཟེར་བ་དང་། སྐོར་ཞིག་གིས་དངོས་པོ་འདི་དག་ཡག་གི་ཟེར་ནས་རིམ་གྱིས་ཇེ་མང་དུ་གྱུར་བ་དང་བསྟུན་ནས་ངེད་བཟའ་ཟླ་གཉིས་ཀྱི་གནའ་རྫས་ཀྱི་ཚོང་ལས་འདི་དཀའ་མོ་ཞིག་མ་རེད་བསམ་ནས་གནའ་རྫས་བཙོང་བའི་ལམ་དུ་ཞུགས་པ་ཡིན། 

སྤྲང་ཆས།

རྩིག་སྒམ་དང་སྣམ་ལྭ།


དེའི་སྐབས་སུ་དངོས་པོའི་རིན་གོང་དེ་འདྲའི་མཐོན་པོ་ཞིག་མིན་ལ་དེང་སྐབས་དང་མི་འདྲ་བར་དངོས་པོ་རྫུན་མ་མེད་ལ། ངེད་གཉིས་ཀྱི་དངོས་པོ་མང་པོ་ཉོས་ནས་ལོ་འགའ་ཤས་ལ་ཕར་བཙོང་ཚུར་བཙོང་བྱས་ནས་ཚོང་རྒྱབ་ནས་ཡོང་བ་ཡིན། དེའི་ནང་ནས་དངོས་པོ་ལ་ཤས་ཤིག་ཐུན་མོང་མ་ཡིན་པའི་ཁྱད་མཚར་ཡིན་པ། བཟོ་སྟངས་སོགས་ཕྱོགས་གང་ཅིའི་ཐད་ནས་སྔོན་གྱི་མེས་པོ་དག་གིས་བློ་གྲོས་ཀྱི་རྩལ་ལས་ཐོན་པའི་ལག་རྩལ་ཤེས་ཐུབ་ལ་དེའི་སྐོར་ལ་ཞིབ་འཇུག་གི་རིན་ཐང་དང་དངོས་པོ་དེའི་རྒྱབ་ལྗོངས་ན་སྒྲུང་དང་འབྲེལ་བའི་ལོ་རྒྱུས་ཀྱི་རིན་ཐང་ཡོད་པ་རྟོགས་ནས་དངོས་པོའི་རྒྱུ་ཆ་རྩ་ཆེན་མིན་རུང་མ་འོངས་པར་དངོས་པོ་འདི་དག་ལག་ཏུ་ཡོང་དཀའ་བ་ལ་སོགས་པར་གཞིགས་ནས་ངེད་བཟའ་ཟླ་གཉིས་མཚར་སྣང་སྐྱེས་ནས་དངོས་པོ་དེའི་རིགས་བཙོང་མ་ཐུབ་པར་ཁྱིམ་དུ་བཤམས་ནས་རིམ་བཞིན་ཇེ་མང་ནས་ཇེ་མང་དུ་གྱུར། 

དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་གི་ནང་གི་བཀོད་པ།

དེ་ལྟར་ངེད་བཟའ་ཟླ་གཉིས་ཀྱི་གྲོས་བྱས་ནས་དངོས་པོ་འདིའི་རིགས་ཕྱི་ལ་མི་བཙོང་བར་བྱས། མ་འོངས་པ་ན་ཁྱིམ་ཚང་གི་དངོས་མང་བཤམས་སྟོན་ཁང་ཞིག་འཛུགས་རྒྱུར་རེ་བ་བཟུང་ནས་དངོས་པོ་ཆ་ཚང་པ་གས་ཆག་ཤོར་མེད་པ། ལྷམ་རིགས་དང་སྒྲོ། སྣོད་དཀར་ཡོལ་སོགས་དངོས་པོ་བཟོ་རྩལ་བཟང་པོ་དང་རི་མོ་ཡག་པའི་སྐོར་རང་གི་ནུས་ཚོད་ཀྱིས་ལོ་ཉི་ཤུ་ལྷག་གི་ཡར་སྔོན་དུ་འདི་ལྟར་ཉར་ཚགས་བྱས་ནས་ཡོང་པ་ཞིག་ཡིན།

དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་གི་ནང་གི་བཀོད་པ།

དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་འཛུགས་དུས་ཀྱི་ཉམས་མྱོང་།


དེའི་ཁར་གཙོ་བོ་ལོ་རྒྱུས་དང་སྲོལ་རྒྱུན། ཡུལ་སྲོལ་གོམས་གཤིས་དང་སྤྱི་ཚོགས་རིག་གནས། ས་ཆ་རེ་རེའི་གོན་པ་གོན་སྟངས་དང་འཚོ་བ་རོལ་སྟངས་མི་འདྲ་བ། གནའ་རྫས་ཀྱི་སྟེང་གི་སྒྱུ་རྩལ་རི་མོ་དང་ཆོས་ལུགས་ཀྱི་གྲུབ་མཐའ་མི་འདྲ་བ། ལྷ་འདྲེའི་བཤད་པ། སྐྱེ་དངོས་ཀྱི་རིགས་དང་སྲོགས་ཆགས་ཀྱི་རིགས། བོད་སྨན་གྱི་རིགས། བཟོ་རིགས། གཏེར་དངོས་ཀྱི་རིགས། ཆུ་གནས་ཀྱི་རིགས་སོགས་ཤེས་དགོས་པ་མ་ཟད་དངོས་པོའི་མིང་དང་བྱེད་ལས། ལོ་ཚོད་དང་རྒྱུ་རྐྱེན་སོགས་མང་པོ་ཞིག་ཤེས་དགོས་པར་བསམ། 


ཡིན་ནའང་བཤམས་སྟོན་ཁང་ཞིག་འཛུགས་དགོས་ན་གནའ་བོའི་སྲོལ་རྒྱུན་གྱི་དངོས་པོ་ཡག་བཙོག་གཉིས་ཡོད་པའི་ནང་ནས་ཡག་པ་དག་དཔེར་ན་ལྷམ་གྱི་རིགས་དང་སྒྲོ་རིགས། དངོས་པོའི་ནང་ནས་ཀྱང་ཆག་གས་སྐྱོན་གསུམ་མེད་པའི་སྐོར། མི་རིགས་གཞན་གྱི་བལྟས་ནའང་འདི་ཚང་གི་གནའ་བོའི་སྲོལ་རྒྱུན་གྱི་དངོས་པོ་དག་གི་ལག་རྩལ་མེད་པ་དང་མི་ཡག་པའི་ཚོར་སྣང་ཞིག་མ་བྱིན་ན་བཟང་གི་བསམ།


ཆང་རྭ་དང་སྔ་རྭ།


རྫ་བཟོས་ཆང་སྣོད།

དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་གི་བརྗོད་བྱ།


དེང་རབས་ཀྱི་དངོས་པོ་དང་འཕྲུལ་ཆས་མ་ཐོན་པའི་ཡར་སྔོན་གྱི་གནའ་རབས་བོད་མིའི་འཚོ་བ་དང་འཚོ་བ་བྱེད་སྟངས་ཀྱི་དངོས་པོ་འགའ་ལ་སྟོན་བཞིན་ཡོད། དཔེར་ན། འབྲོག་པའི་ཕྱུགས་འཚོ་སྟངས་དང་རོང་པའི་ཞིང་འདེབས་སྟངས། དམག་འཐབ་སྟངས་དང་ཇག་བྱེད་སྟངས། གཉེན་སྒྲིག་སྟངས། རྐུན་མ་བྱེད་སྟངས། གནའ་རབས་བོད་མིའི་མནའ་འཇོག་སྟངས། སྨན་པ། མོ་བ། རྩིས་བ། ལྷ་བ། གར་བ། གཅོད་པ། གླུ་བ། གཏོ་བ། སྤྲང་པོའི་སྤྲང་བྱེད་སྟངས་སོགས་ཀྱི་དངོས་པོ། མདོར་ན་མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ། སྐྱེ་དངོས་དང་མིའི་བར་གྱི་འབྲེལ་བ། མི་དང་སྲོག་ཆགས་ཀྱི་འབྲེལ་བ། མི་དང་ལྷ་འདྲེའི་འབྲེལ་བ་སོགས་གནའ་རབས་བོད་མིའི་སྲོལ་རྒྱུན་གྱི་འཚོ་བ་རོལ་སྟངས་སོགས་སྟོན་བཞིན་ཡོད།

བཀའ་བརྒྱད་ཀྱི་གཏོར་མ་དང་གཡུ་རྩེའི་ཆོ་ག་མདོས་གླུད།

རྩ་ཆེན་གྱི་དངོས་པོ།

བཤམས་སྟོན་ཁང་གི་དངོས་པོ་ཚང་མ་ང་རང་ཉིད་ལ་མཚོན་ན་རྩ་ཆེན་དང་རིན་ཐང་ཆེ་བར་བསམ་བཞིན་ཡོད། ཡིན་ནའང་དེ་དག་ལས་ཀྱང་རྩ་ཆེ་བ་ནི་ལྷ་མོ་འོད་ཟེར་མའི་ཐང་ག་དེ་ཡིན། 

ལྷ་མོ་འོད་ཟེར་ཅན་མའི་འབག་ཐང་།

ལྷ་མོ་འོད་ཟེར་ཅན་མ་ནི་འབྲོག་པ་མང་ཚོགས་ཀྱི་ཐུན་མོང་མ་ཡིན་པའི་ནོར་ཀྱི་ལྷ་ཞིག་ཡིན་པ་དང་། དཔེར་ན། འབྲོག་པའི་ཟོག་མི་ཚང་བ་དང་སྤྱང་ཀིའི་མི་གསོད་པ། རྐུན་མས་མི་རྐུས་པ་སོགས་བཅོལ་གདམས་བྱེད་ས་གཙོ་བོ་ཞིག་ཡིན། འདིའི་སྐོར་ལ་གཏམ་རྒྱུད་ཀྱང་མང་པོ་ཞིག་བཤད་རྒྱུ་འདུག། དཔེར་ན། ལྷ་མོ་འོད་ཟེར་ཅན་མའི་ཐང་གའི་མདུན་དུ་རྫི་བོས་ཁབ་འཛེར་བ། ཁ་ཕྱོགས་གང་ནས་ཟོག་བོར་བའི་ས་དང་ཉལ་ཤུལ་ལ་རྡོ་འཇོག་པ་སོགས་འདུག། 

མདའ་དར།

ད་དུང་ང་ལ་ཕ་མེས་ཡང་མེས་རིང་བརྒྱུད་པའི་གནའ་བོའི་མདའ་དར་ཞིག་ཀྱང་ཡོད། མདའ་དར་དེའི་ངོས་སུ་ནོར་གནག་གི་སྙིང་རྩིད་ཀྱི་རྒྱན་ཡོད་པ། ད་དུང་བླ་མ་བྱ་བྲལ་བ་འཁོར་བ་སྤངས་ནས་དབེན་པའི་རི་ཁྲོད་འགྲིམས་པ་ཞིག་གི་མི་རབས་མང་པོ་ཞིག་ལ་བརྒྱུད་མྱོང་བའི་དགེ་སློང་གི་ལྷུང་བཟེད་རྩ་ཆེན་ཞིག་དང་སྔོན་ཆད་བོད་ཀྱི་གནའ་བོའི་སྲོལ་རྒྱུན་གྱི་དུག་ལྷ་ངམ་རྗེ་ནག་པོའི་དུག་སྒྲུབ་བྱེད་ཀྱི་རྫ་མ་ཞིག་ཀྱང་ཡོད། ད་ལྟའི་ལྷ་སའི་ཀོང་པོ་དང་ཁམས་ཁུལ་གྱི་ས་ཆ་འགའ་ཤས་ན་གནའ་བོའི་སྲོལ་རྒྱུན་འདི་ད་དུང་མ་ཉམས་པར་གནས་ཡོད། སྔོན་ཆད་ང་ཚོ་ཕ་ཡུལ་མགོ་ལོག་ཕྱོགས་ནའང་སྲོལ་རྒྱུན་འདི་ཡོད། 

ལྷུང་བཟེད།

དུག་ལྷ་ངམ་རྗེ་ནག་པོའི་དུག་སྒྲུབ་བྱེད་ཀྱི་རྫ་མ།

དངོས་པོ་འདི་དག་རྩ་ཆེན་ཞིག་ལ་བརྩིས་དོན་ནི་གཅིག་ནས་ལོ་རྒྱུས་ཡུན་རིང་བའི་རིན་ཐང་ལྡན་པ། གཉིས་ནས་བྱིན་རླབས་ཀྱི་རིན་ཐང་ལྡན་པ། གསུམ་ནས་ཞིབ་འཇུག་གི་རིན་ཐང་དང་དར་ཁྱབ་ཀྱི་རིན་ཐང་ཡོད་པ། བཞི་ནས་དངོས་པོ་འདི་དག་གི་རྒྱབ་ལྗོངས་ན་སྒྲུང་གཏམ་རེ་རེ་དང་མདོ་དབུས་མཐོ་སྒང་གི་འབྲོག་པའི་འཚོ་བ་དང་རོང་བའི་འཚོ་བ། གདོད་མའི་སྤྱི་ཚོགས་ཀྱི་འབྲེལ་བ་དམ་ཟབ་ཡོད་པས་ན་ངས་དངོས་པོ་འདི་དག་རྩ་ཆེན་ཞིག་ལ་བརྩིས་བ་ཡིན།


སོག་འདར།

དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་གི་དངོས་པོའི་ས་ཁོངས་དབྱེ་ཚུལ།

མགོ་ལོག་ཟེར་བ་འདི་སྔོན་ཆད་ལ་མཚོན་ན་ཨ་མདོའི་ས་ཁོངས་མ་ཡིན་པ་དང་ཁམས་པའི་ས་ཁོངས་མ་ཡིན་པར་ཨ་མདོ་དང་ཁམས་པ་གཉིས་ཀྱི་བར་དུ་གནས་ཡོད་པའི་བྱང་འབྲོག་གླིང་གི་ས་ཆ་ཟེར་བ་དེ་ཡིན། བཤམས་སྟོན་ཁང་གི་དངོས་པོ་བརྒྱ་ཆའི་ལྔ་བཅུ་མགོ་ལོག་རང་ས་ནས་ཐོན་པའི་རོང་འབྲོག་ས་ཆའི་དངོས་པོ་ཡིན་པ་དང་བརྒྱ་ཆའི་ཉི་ཤུ་རྒྱལ་མོ་ཚ་བ་རོང་ནས་ཐོན་པའི་དངོས་པོ་ཡིན། བརྒྱ་ཆའི་སུམ་བཅུ་ནི་ཁམས་ཕྱོགས་དང་ཨ་མདོ། དབུས་ཕྱོགས་ནས་ཐོན་པའི་དངོས་པོ་ཡིན།

རུས་སྦལ་གྱི་ལྐོགས་ཤུན་དང་ཉའི་གཤོག་པ།

ད་ལྟ་མེད་པར་གྱུར་ཚར་བའི་སྦྲ་ནག་གི་མཚོན་བྱེད་དངོས་པོ།

སྦྲ་ནག་གི་རིག་གནས་འདི་ནི་རྒྱ་ཆེ་ཞིང་གཏིང་ཟབ་པ་ཞིག་རེད། འདིའི་ངོས་ཐད་ནས་ལོ་ངོ་མང་པོ་ཞིག་གི་ཉམས་མྱོང་འཚོལ་སྡུད་བྱས་ན་འབྲོག་པའི་རིག་གནས་ནི་སྦྲ་ནག་ལ་བརྟེན་ནས་བྱུང་བ་ཡིན་པ་དང་། སྦྲ་ནག་གི་རིག་གནས་སྐོར་ངོ་སྤྲོད་བྱས་ནས་ཉིན་མང་པོ་ཞིག་ལ་ཡང་ངོ་སྤྲོད་བྱས་མི་ཚར་བ་ཞིག་རེད། 

དེའི་ནང་གསེས་ཅུང་ཙམ་རེ་ངོ་སྤྲོད་རེ་བྱས་ན་སྦྲ་ནག་གི་རིག་གནས་ཡིན་ནའང་འདྲ་འབྲོག་པའི་རིག་གནས་ཡིན་ནའང་འདྲ། གང་ལྟར་ཡང་འདི་དང་འབྲེལ་བ་ཡོད་པའི་བཅོས་ཐབས་ཀྱི་རིགས་མང་པོ་ཞིག་འདུག། དེའི་སྐོར་ནས་ཅིག་ངོ་སྤྲོད་རེ་བྱས་ན། དཔེར་ན། སྦྲ་ནག་ནང་གི་ཨོང་བའི་སྟེང་དུ་བྱི་ལོང་གི་རོ་ཞིག་བཏགས་ཡོད་པ་དེའི་མཚོན་དོན་ནི་ཨོང་བ་མི་ཟད་པའི་བཅོས་ཐབས་དང་རུས་སྦལ་གྱི་ལྐོགས་ཤུན་དང་ཉའི་གཤོག་པ་བཏགས་ཡོད་པ་དེའི་མཚོན་དོན་ནི་གནམ་དགྲ་དང་སེར་བ་འགོག་ཐུབ།

སྦྲ་ནག་གི་སྒོ་ཁར་བཏགས་པའི་མེ་ལོང་།

སྦྲ་ནག་གི་སྒོ་ཁ་རུ་མེ་ལོང་ཞིག་བཏགས་ཡོད་པ་དེའི་མཚོན་དོན་ནི་ཁྱིམ་ནང་དུ་བདུད་འདྲེ་ཡོང་བ་སྔོན་འགོག་བྱེད་པ་དང་། གལ་ཏེ་བདུད་འདྲེ་ཡོང་སྐབས་གཟུགས་བརྙན་མེ་ལོང་ནང་དུ་འཆར་ན་བདུད་འདྲེ་ཕྱིར་བྲོས་འགྲོ་བས་གདོན་བཅོས་པ་མཚོན།

སྦྲ་ནག་གི་སྒོའི་ཀླད་དུ་བཏགས་ཡོད་པའི་རི་དྭགས་རི་བོང་གི་མགོ།

སྦྲ་ནག་གི་སྒོའི་ཀླད་དུ་རི་དྭགས་རི་བོང་གི་མགོ་བཏགས་ཡོད་པའི་འགོང་བོ་སྲུང་བྱེད་མཚོན། འགོང་བོའི་རིགས་ཁྱིམ་ནང་དུ་འཛུལ་ན་ཁྱིམ་ཚང་གི་གཡང་དང་བཅུད་ཉམས་པ་སོགས་འགོང་བོ་འགོག་བྱེད་མཚོན།

ཐབ་ཀའི་ཐོག་དུ་སའམ་རྡོ། ཡང་ན་ཤིང་གི་ཐོག་དུ་རྐོས་པའི་སྡིག་པ་རྭ་ཙའི་འདྲ་གཟུགས།

ཐབ་ཀའི་ཐོག་དུ་སའམ་རྡོ། ཡང་ན་ཤིང་གི་ཐོག་དུ་སྡིག་པ་རྭ་ཙའི་འདྲ་གཟུགས་བརྐོས་པ་འདིའི་ཐབ་སྲུང་མཚོན་པ་དང་གལ་ཏེ་ཡི་དྭགས་ཀྱི་རིགས་ལ་སོགས་པ་ཐབ་ཀའི་སྟེང་དུ་འཁོར་ན་ཐབ་ཀའི་གཡང་ཉམས་པ་དང་ཟས་ཀྱི་བཅུད་ཉམས་པ། ཟ་མའི་མི་འདང་བ་སོགས་ཀྱི་ཉེན་ཁ་སྔོན་འགོག་བྱེད་པ་མཚོན།


སྦྲ་ནག་ནང་གི་ཨོང་བའི་སྟེང་གི་བྱི་ལོང་གི་རོ།

སྦྲ་ནག་ནང་གི་ཨོང་བའི་སྟེང་དུ་བྱི་ལོང་གི་རོ་ཞིག་བཏགས་ཡོད་པ་དེའི་མཚོན་དོན་ནི་ཨོང་བ་མི་ཟད་པའི་བཅོས་ཐབས་དང་རུས་སྦལ་གྱི་ལྐོགས་ཤུན་དང་ཉའི་གཤོག་པ་བཏགས་ཡོད་པ་དེའི་མཚོན་དོན་ནི་གནམ་དགྲ་དང་སེར་བ་འགོག་ཐུབ། 

གཡང་ར།

སྦྲ་ནག་གི་ཐོག་དུ་ཐིག་གུ་དཀར་ནག་གཉིས་སྒྲིལ་ནས་བཏགས་ཡོད་པ་དེའི་མིང་ལ་གཡང་ར་ཟེར་བ་དང་། ཟོག་ནོར་སེམས་ཅན་བཙོང་བ་དག་གི་སྙིང་གི་གམ་གྱི་རྩིད་པ་བྲེག་ནས་ཟོག་གི་ཁ་ནང་དུ་དྲུད་ནས་"གཡང་ཁ་འཁྱིལ་འཁྱེར་ནས་ཕྱི་ལ་འཁོར།"་ཞེས་ཁྱིམ་ཚང་གི་གཡང་མི་ཉམས་པ་དང་གཡང་ཕྱིར་འཁོར་བ་མཚོན།

རི་དྭགས་གླ་བའི་གླ་རྩི།

སྔོན་ཆད་སྦྲ་ནག་ནང་དུ་རི་དྭགས་གླ་བའི་གླ་རྩི་བཏགས་ཡོད་པའི་མཚོན་དོན་ནི་ཁྱིམ་ཚང་ནང་དུ་སྦྲུལ་ཡོང་བ་སྔོན་འགོག་བྱེད་ཆེད་དང་།ད་དུང་འདི་ལས་མི་ཚད་པའི་སྦྲ་ནག་སྐོར་གྱི་ཤེས་བྱ་དང་རིག་གནས་མང་པོ་ཞིག་ངོ་སྤྲོད་བྱེད་རྒྱུ་འདུག་མོད་རྗེས་མ་དུས་ཚོད་ཡོད་དུས་རེ་རེ་བཞིན་ངོ་སྤྲོད་བྱེད་ཡོང་།

འུག་སྒྲོ།


རྟ་རྐང་།


ཕུར་གདང་།


རྣ་རྟགས།

དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་གི་ཁྱད་པར་ཅན་གྱི་དངོས་རྫས་བཞི།

ཝ་མོའི་གྲོག་སྣ།

ཝ་མོའི་གྲོག་སྣ། ཝ་མོའི་སྣ་ལས་བཟོས་པ་ཡིན་ལ་བྱིས་པ་ཆུང་ཆུང་ཚོའི་བཏགས་ནས་སོང་ན་རྩེད་ཆས་དང་གྲོགས་པོ་ལ་སོགས་པ་རྙེད་ཐུབ།

དོམ་ར།

དོམ་ར། དོམ་ཀྱི་པགས་པའི་བཟོས་ལ་མིག་གི་ཡ་ཐོད་དུ་གོན་པའི་ཞྭ་མོ་དང་འདྲ་བ་ཞེང་དུ་སོར་ལྔ་ཡོད་པ། མིག་ཤེལ་དང་འདྲ་བར་དེ་གོན་ན་ཉི་མ་སྒྲིབ་པ་དང་རྒན་པ་རྣམས་ཀྱི་གོན་ན་མིག་ནང་གི་ཆུ་མི་ཡོང་བ་དང་མིག་གི་མཐོང་བ། མིག་ན་བ་སོགས་ལ་ཕན།

བྲབ་འགག།

བྲབ་འགག། ཡ་རུའི་རྒྱབ་ན་ལྷུང་བཞིན་པའི་ཁུ་ལུའི་བཟོས་བའི་གོན་པ་ཞིག་ཡིན་ལ། བྱིས་པ་ཆུང་ཆུང་ཚོའི་གོན་ན་གཅིག་ནས་འཇམ་པོ་ཡིན་པ་དང་གཉིས་ནས་བཙག་བསེར་བུ་འགོག་ཐུབ།

སྐྱིས་བུ།

སྐྱིས་བུ། གནའ་བོའི་ཆུ་ཚོད་བལྟ་བྱེད་དང་ནམ་ཟླ་བརྟགས་བྱེད། ཤིང་གི་བཟོས་ནས་གྲུབ་པ་ཞིག་ཡིན། ཉི་འོད་སྟེང་དུ་ཕོགས་ན་དེའི་གྲིབ་མར་བལྟས་ནས་དུས་ཚོད་ལ་བལྟ་ཐུབ།

དངོས་རྫས་ཉར་ཚགས་ཁྲོད་ཀྱི་ཆེས་བརྗེད་དཀའ་བའི་དོན་དག།


སྤྱིར་བཏང་བཤམས་སྟོན་ཁང་འཛུགས་པའི་བརྒྱུད་རིམ་ཁྲོད་དུ་དོན་དག་གང་ཞིག་ཡིན་རུང་ང་རང་ཉིད་ཀྱི་བརྗེད་འགྲོ་བ་ཞིག་མེད་པ་དང་། རང་ཉིད་ས་ཆ་གང་དུ་སོང་བ་དང་དངོས་པོ་གང་ཞིག་ཉོས་པ། དངོས་པོ་དེ་ལ་སྒོར་མོ་ག་ཚོད་བྱིན་པ། མིང་ཅི་ཞིག་བཏགས་པ་སོགས་ཚང་མ་བརྗེད་དཀའ་བ་དག་དག་རེད།

སྔོན་ཆད་ངས་གནའ་རྫས་ཉོ་དུས་སུ་ངེད་ཚོང་ཁང་ནང་དུ་རྒད་པོ་ཞིག་སླེབས་པ་དང་། རྒད་པོས་ངེད་ཚོང་ཁང་གི་གནའ་རྫས་དག་ལ་བལྟས་བལྟས་ནས་ང་རང་ཁོའི་གམ་དུ་བོས་ནས་ང་ལ་བཤད་རྒྱུར་ཁ་སང་ངེད་ཚང་གི་བླ་མ་ཞིག་ལ་མོ་འདེབས་དུ་བཅུག་ནས་ངེད་ཚང་ན་ཡོད་པའི་རྫ་མ་རྙིང་བ་དེ་གདོན་འདུག་ཟེར་ནས་རྫ་མ་རྙིང་བ་དེ་ལུང་བ་ཞིག་གི་ནང་དུ་གཡུག་པ་ཡིན། དེ་རིང་ང་བལྟ་རུ་སོང་བ་ན་རྫ་མ་རྙིང་བ་དེ་མཐོང་རྒྱུ་མི་འདུག། རྫ་མ་ཕལ་ཆེར་བྱིས་པ་ཞིག་གི་འཁྱེར་ཡོང་ནས་ཁྱེད་ཚང་ལ་བཙོང་ཡོད་རྒྱུ་རེད་བསམ། ཁྱེད་ཚང་ལ་རྫ་མ་མང་པོ་འདུག། རྫ་མ་དེ་ཅི་འདྲི་ཞིག་ཡིན་པ་ངས་ཀྱང་གསལ་པོ་ཞིག་དྲན་བཞིན་མི་འདུག། ཁྱེད་ཀྱིས་ཀྱང་བླ་མ་ཞིག་ལ་མོ་འདེབས་དུ་བཅུག་དང་ཁྱེད་ཚང་ལ་ཡང་ཕལ་ཆེར་གདོན་ཡོད་རྒྱུ་རེད་ཟེར། 

ནང་ཁྱིམ་ལ་གདོན་བྱུང་མེད་ཀྱང་དེ་ནི་རྒན་པ་དེའི་ཀུན་སློང་བཟང་པོ་དང་འགན་ཁུར་རེད། འདི་ལྟ་བུའི་ང་རང་ཉིད་ལ་བག་ཆགས་ཟབ་མོ་ཞིག་བཞག་མྱོང་།

མཁོ་ཆས།

འཁེལ་འཐག་དངོས་པོ་དང་འཁེལ་འཐག་ཡོ་བྱད།

ས་གནས་ཀྱི་དམངས་སྲོལ་རིག་གནས་ལ་ཐེབས་པའི་ཤུགས་རྐྱེན།

དམངས་སྲོལ་རིག་གནས་བཤམས་སྟོན་ཁང་གི་ནང་དུ་དངོས་པོ་སྟོང་ཕྲག་ཁ་ཤས་ཡོད། དེ་དག་ལ་རེ་རེ་བཞིན་མིང་བཏགས་ཡོད་པ་དང་བཀོལ་སྤྱོད་བྱེད་སྟངས་ལ་སོགས་མདོ་དབུས་ཁམས་གསུམ་གྱི་རོང་འབྲོག་གི་ས་ཆ་གང་གི་ཡིན་པ་སོགས་འགྲེལ་བཤད་བྱས་ཡོད།

གཅིག། མདོ་དབུས་ཁམས་གསུམ་གྱི་མིང་ཚིག་ཐ་སྙད་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན་འདི་རུ་ཡོང་ནས་དེའི་སྐོར་ལ་ཞིབ་འཇུག་བྱས་ཆོག།

གཉིས། གནའ་བོའི་སྲོལ་རྒྱུན་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་མཁན་ཞིག་ལ་མཚོན་ན་འདི་རུ་ཡོང་ནས་དེའི་སྐོར་ལ་ཞིབ་འཇུག་བྱས་ཆོག།

གསུམ། ལོ་རྒྱུས་སྨྲ་བ་ཞིག་ལ་མཚོན་ན་ལོ་རྒྱུས་སྐོར་གྱི་རིག་དངོས་དང་གནའ་རྫས་སོགས་མ་ཤེས་ན་ལོ་རྒྱུས་སྐོར་ལ་ཞིབ་འཇུག་བྱེད་ཐབས་བྲལ་བས་དེའི་སྐོར་འདི་རུ་ཡོང་ནས་ཞིབ་འཇུག་བྱས་ཆོག།

བཞི། བྱིས་པ་ཆུང་ཆུང་ཚོར་གནའ་བོའི་སྲོལ་རྒྱུན་སྐོར་ནས་སློབ་ཁྲིད་བྱེད་སྐབས་ཁ་ནས་བཤད་པ་ཙམ་གྱིས་མི་ཆོག་པར་ལག་ལེན་དངོས་ཀྱི་ནང་དུ་ཞུགས་རྒྱུ་གལ་ཆེན་རེད། དཔེར་ན། ཨ་ཧྥེ་རི་ཀ་ན་གླང་ཆེན་ཡོད་ཟེར་ནས་བཤད་པ་ཙམ་ཀྱིས་མི་ཆོག་པར་ལག་ལེན་དངོས་ཀྱི་ནང་དུ་ཞུགས་དགོས།

ལྔ། ང་ཚོ་བོད་ཁུལ་དུ་གནའ་རྫས་ཆེད་ལས་བྱས་ནས་སློབ་གྲྭ་འགྲིམས་བཞིན་པ་མེད་པའི་རྐྱེན་གྱིས་གནའ་རྫས་ཀྱི་ཚོང་ལས་གཉེར་མཁན་ཞིག་ལ་མཚོན་ན་འདི་རུ་ཡོང་ནས་རང་གི་ཉམས་མྱོང་ཟུང་འབྲེལ་དང་མིག་མཐོང་ལག་ཟིན་གྱི་སློབ་སྦྱོང་བྱས་ཆོག།

དྲུག། གནའ་བོའི་སྲོལ་རྒྱུན་དང་དེང་རབས་ཀྱི་གསར་གཏོད་གཉིས་ཟུང་འབྲེལ་བྱས་ནས་ཚོང་ལས་གཉེར་མཁན་ཞིག་ལ་མཚོན་ན། དཔེར་ན་ཞྭ་མོ་དང་ལྷམ། གོན་པ། རྒྱན་ཆ། ཁུག་མའི་རིགས་ལ་སོགས་པར་གནའ་དེང་ཟུང་འབྲེལ་གྱི་མཛེས་བཟོ་སོགས་བྱས་ནས་འདི་རུ་ཡོང་ནས་སློབ་སྦྱོང་བྱས་ཆོག།

མདོར་བསྡུས་ན། དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་འདིའི་གནའ་བོའི་གདོད་མིའི་སྐབས་ཀྱི་བསམ་བློ་འདུ་ཤེས་དང་འཚོ་བ་བྱེད་སྟངས། ད་ལྟའི་དུས་རབས་སྐབས་ཀྱི་བསམ་བློ་འདུ་ཤེས་དང་འཚོ་བ་བྱེད་སྟངས། མིའི་རིགས་ཀྱི་བྱ་བ་དང་བསམ་བློ། ཤེས་ཡོན་གོང་འཕེལ་དང་དཔལ་འབྱོར་འཕེལ་རྒྱས། བལྟ་རྒྱ་མཐོང་རྒྱ་ལ་སོགས་པ། ད་དུང་གནའ་ཤུལ་དང་བྲག་བརྐོས་རི་མོ། འགྱུར་རྡོ། རྡོ་ཆས་གསར་རྙིང་གི་དུས་རབས་དང་ལྕགས་ཆས་དུས་རབས། རྫ་ཆས་དུས་རབས་སོགས་ལ་ཞིབ་འཇུག་བྱེད་མཁན་དག་ལ་ཡང་ཤུགས་རྐྱེན་མང་པོ་ཞིག་ཐེབས་ཡོད་པར་བསམ།

སྒྲོན་ཆས་སྣ་ཚོགས།


དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་གི་དཀའ་ཁག་ཆེ་ཤོས།

དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་འདི་ལ་དཀའ་ཁག་མང་པོ་ཞིག་དང་འཕྲད་བཞིན་པའི་སྒང་ཡིན་ལ། དཔེར་ན། གནའ་བོའི་སྲོལ་རྒྱུན་གྱི་དངོས་པོ་མང་པོ་ཞིག་ད་ལྟའི་དུས་འདི་ལ་ཇེ་ཉུང་དུ་སོང་ནས་མེད་པར་གྱུར་ལ། སྔོན་ཆད་རྒན་པ་རྣམས་ཀྱི་བཤད་པ་དང་གནའ་ཤུལ་ནས་རྙེད་པའི་གནའ་རྫས་ཁྲབ་རྨོག་གི་རིགས་དང་ཁ་སང་དེ་རིང་གི་བཤམས་སྟོན་ཁང་དུ་ཡོད་པའི་གེ་སར་གྱི་ཐང་ག་དང་འདྲ་སྐུ་བཟོ་བཞིན་པའི་ཁྲབ་རྨོག་བར་ལ་དབྱེ་བ་ཁྱད་པར་འདུག། ད་ལྟའི་འདི་དག་ཕལ་ཆེར་གསར་བཟོ་བྱས་པར་འདྲ། གེ་སར་རིག་གནས་སྐོར་ལ་ཞིབ་འཇུག་བྱེད་མཁན་དག་གིས་འདི་ལ་ཞིབ་འཇུག་གཏིང་ཟབ་རེ་བྱེད་རོགས། འདི་དང་འདི་འདྲ་བའི་རིགས་ནི་མིག་སྔར་བཤམས་སྟོན་ཁང་གི་དཀའ་ཁག་ཆེ་ཤོས་དེ་ཡིན།
 

རྒྱུག་བོའུ།


ཁྲོལ་ཞགས།


རྐྱལ་བུ་དང་རས་ཁུག།

དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་གི་མ་འོངས་པའི་འཆར་གཞི།

མ་འོངས་པ་ན་བཤམས་སྟོན་ཁང་འདི་མདོ་དབུས་ཁམས་གསུམ་གྱི་སྲོལ་རྒྱུན་རང་བཞིན་རོང་འབྲོག་གཉིས་ཀྱི་དངོས་པོ་དང་ཆོས་ལུགས་སྐོར་གྱི་དངོས་པོ། མགར་བ་དང་ལྷ་བཟོ། རྡོ་བཟོ། ཤིང་བཟོ་ལ་སོགས་སྤྱི་ཚོགས་སྟེང་གི་རིག་གནས་སྐོར་གྱི་བཤམས་སྟོན་ཁང་གི་ནང་དུ་ཆ་ཚང་བ་ཞིག་བསྡུ་ཉར་བྱེད་ཐུབ་པའི་དམིགས་ཡུལ་ཡོད། 


དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་གི་ནང་གི་བཀོད་པ།

དམངས་སྲོལ་རིག་དངོས་བཤམས་སྟོན་ཁང་གི་ནང་གི་བཀོད་པ།

ཡིན་ནའང་། དངོས་པོ་ལ་ལ་ཞིག་ཁ་ནང་ནས་ངོ་སྤྲོད་ཙམ་ཞིག་མ་གཏོགས་ད་ལྟའི་དུས་འདི་ལ་བཙལ་ཀྱང་རྙེད་མི་ཐུབ་པ་དང་ཚོང་ཁང་ནང་དུ་བཙོང་རྒྱུ་ཡང་མེད་པའི་དུས་ཞིག་ལ་སླེབས་ཡོད་པའི་རྒན་པ་དག་ལ་སྐད་ཆ་དངོས་པོའི་བཟོ་དབྱིབས་དང་བཀོལ་སྤྱོད་བྱེད་སྟངས་ལ་སོགས་པ་དྲིས་ནས་གསར་དུ་ལས་དགོས་པའི་ཐབས་ཤེས་མེད་པ་དང་། དངོས་པོ་རྙིང་བའི་རིགས་ཐབས་ཤེས་འདྲ་བཙལ་ནས་རྙེད་ཨེ་ཐུབ་བལྟ་དགོས། མ་འོངས་པ་ན་གནའ་བོའི་སྲོལ་རྒྱུན་སྤྱི་ཚོགས་རིག་གནས་ཀྱི་དངོས་པོ་ཆ་ཚང་ཞིག་མིག་མདུན་དུ་བཤམས་པར་འབད་པ་བྱེད་རྒྱུ་ཡིན།
 
欢迎关注米拉子子生态文化旅游公众号

来自钦乐手造的大鹏金翅吊坠

点击图片可进入小程序了解


来自钦乐手造的雪狮项链

点击图片可进入小程序了解


往期文章
点击图片阅读

ཧི་མ་ལ་ཡའི་ལྟེ་སྙིང་དོལ་པོ།

ཀུན་དགའི་ཉེན་མཆོངས་ཟིན་ཐོ། 贡嘎历险记

ཧྥ་རན་སིའི་དཔེ་སྐྲུན་བྱས་པའི་ཧི་མ་ལ་ཡའི་གཏམ་རྒྱུད་ཀྱི་སྒྲུང་དཔེ།

འབྲུག་ཡུལ་ལ་ཡག་ཚོ་པ། རྒྱལ་འཛིན་ལ་ཁའི་དགའ་སྟོན།

མཐོ་སྒང་དུའང་འཆར་ཡན་ལྡན་པའི་ཕྱི་དྲོའི་འཐུང་ཇ་ཡོད། 高原也有浪漫的下午茶
雪怪从不丹走来。



བོད་སྐད་ཞབས་ཞུ་སྐད་འཕྲིན་ཨང་གྲངས། :CHARU1607
客服微信:charuspace
微博:CHARU迦入
小红书:CHARU迦入 
未经作者允许请勿随意印刷转载 后果自负
合作及投稿微信:charuspace

: . Video Mini Program Like ,轻点两下取消赞 Wow ,轻点两下取消在看

您可能也对以下帖子感兴趣

文章有问题?点此查看未经处理的缓存