གཞན་ཕན་གྱི་བྱ་བ་མང་དུ་སྒྲུབ་ཚེ་དགའ་བ་འཕེལ་ནུས།བསོད་དར་རྒྱས་ཀྱིས།
༢.གཞན་ཕན་གྱི་བྱ་བ་མང་དུ་སྒྲུབ་ཚེ་དགའ་བ་འཕེལ་ནུས།
སྟོན་པ་བཅོམ་ལྡན་འདས་ཀྱིས་མིའི་བདེ་བ་ཐམས་ཅད་གཞན་བདེ་འདོད་པ་ལས་འབྱུང་ཞིང་སྡུག་བསྔལ་མ་ལུས་པ་རང་བདེ་གཉེར་བ་ལས་འབྱུང་ཞེས་གསུངས། གལ་སྲིད་འདི་ཙམ་ངོས་ཟིན་ནས་དལ་གྱིས་ལེགས་བཅོས་ཡོང་བར་འབད་ན་བདེ་སྐྱིད་ཐོབ་པ་ལ་ལམ་ཐག་རིང་པོ་མེད་ཅིང་ཡུན་རིང་དུ་ཡང་བརྟན་པར་བྱེད་ནུས་སོ། །
དེང་གི་དུས་རབས་འདིར་འཚོ་བའི་ཐད་ནས་སྔོན་དང་བསྡུར་ན་གནམ་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་བ་སོང་ཟིན། ཡིན་ཡང་མིའི་ནང་སེམས་ཀྱི་སྡུག་བསྔལ་དང་གནོན་ཤུགས། མི་དགའ་བ་སོགས་ནི་སྔོན་དང་བསྡུར་ན་ལྡབ་བཅུ་ཕྲག་འགའ་ཞིག་གིས་མང་བར་གྱུར་ཅིང་ཐ་ན་ལྡབ་བརྒྱ་ཕྲག་འགའ་ཞིག་གིས་ཀྱང་མང་བས་ཐོབ་པ་ལས་ཤོར་བ་མང་ཞེས་སྨྲས་ཀྱང་ཆོགསྔོན་སྐྱེ་བོ་མི་ཉུང་བ་ཞིག་གིས་སྒོར་མོ་ཡོད་ན་བདེ་སྐྱིད་ལྡན་པར་སྙམ་ཡང་ཕྱིས་སྒོར་མོ་ཡོད་པ་ན་བདེ་སྐྱིད་ནི་སྔར་སྔོན་དཔག་བྱས་པ་ལྟར་མ་སླེབས་པ་ད་གདོད་མཐོང་ཞིང་སྡུག་
བསྔལ་ནི་གཅིག་རྗེས་གཉིས་མཐུད་ཀྱིས་ལྡང་བར་རིག
ཨ་རིའི་ལྷ་ལུ་པིའི་སྤྱི་གཉེར་ཁང་གིས་བརྟག་དཔྱད་ཀྱིས་བདེན་དཔང་བྱས་པ་ལྟར་ན། སྐར་མ་བརྒྱ་ཐམ་པ་ཧྲིལ་སྐར་དུ་གཞིར་བཞག་སྟེ། ཀྲུང་གོའི་འཛད་སྤྱོད་པས་༡༩༩༤ལོའི་བདེ་སྐྱིད་ཀྱི་མཚོན་གྲངས་ནི་སྐར་མ་༦༩ ཡིན་ཞིང་༡༩༧༥ལོར་ཆེས་མཐོར་ཕྱིན་ཏེ་སྐར་༧༡ལ་སླེབས། ལོ་བཅུའི་རྗེས་ཀྱི་༢༠༠༤ལོར་སྐར་མ་༦༧དུ་ལམ་གྱིས་བྲི་འདུག་ཅེས་ཟེར།
འདིས་ཅི་ཞིག་གསལ་བཤད་བྱས་ཡོད་ཅེ་ན། འདས་པའི་ལོ་བཅུའི་ནང་དུ་དཔལ་འབྱོར་འཕེལ་རྒྱས་ཕྱིན་པ་དང་མཉམ་དུ་མི་རྣམས་ཀྱིས་ཀྱང་ཐོག་མར་བདེ་སྐྱིད་ལྡན་པར་སྙམ། འོན་ཀྱང་ཡུན་རིང་མ་འགོར་བར་བདེ་སྐྱིད་ཀྱི་མཚོན་གྲངས་ཉིན་བཞིན་ལྷུང་བའི་མགོ་བརྩམས། འཛམ་གླིང་ཧྲིལ་བོ་མི་བཤད་པར་ཀྲུང་གོ་གཅིག་པུར་མཚོན་ན་ལོ་རེར་མི་གྲངས་ཁྲི་ ༢༨ .༧ གྱིས་རང་གསོད་བྱས་ཏེ་ཤི་བ་དང་མི་གྲངས་ཁྲི་ཉིས་བརྒྱ་ཡིས་རང་གསོད་བྱས་ཀྱང་མ་ཤི སྐར་མ་གཉིས་རེའི་ནང་དུ་མི་གཅིག་གིས་རང་གསོད་བྱས་ཏེ་ཤི་བ་རེད་ཅེས་སྡོམ་རྩིས་བྱས་འདུག
དོན་དུ་མིའི་མི་ཚེ་ནི་སྡུག་བསྔལ་སྣ་ཚོགས་ཀྱིས་གང་ཡོད། འབྱོར་ལྡན་དབང་དྲག་ཅན་ཡིན་རུང་འབྱོར་མེད་དབུལ་པོ་ཡིན་རུང་ཐམས་ཅད་ཀྱིས་སྡུག་བསྔལ་མང་པོ་བརྒྱུད་དགོས་པ་ལས་ཀྱིས་བསྐོས་ཡོད། ཡིན་ཡང་སོ་སོའི་སྐྱེ་བོས་འཚོ་བའི་རང་བཞིན་བདེ་སྐྱིད་ཀྱིས་གང་བར་བློ་ཡིས་བརྟགས་ཏེ་དེ་ལ་རེ་བ་ཆེན་པོ་བྱེད་ཅིང་། འཕྲལ་དུ་བར་ཆད་རེ་དང་འཕྲད་སྐབས་གདོང་ལེན་དང་དང་ལེན་བྱེད་དཀའ་བར་གྱུར་ཏེ་ཐ་ན་ལུས་སེམས་འཐོར་ཞིག་ཏུ་སོང་ནས་ཕྱིར་ཟློག་ཏུ་མེད་པའི་མ་རུངས་བའི་ལམ་ཁ་འདེམ་པ་རེད།
ཨ་རིའི་ལོ་རྒྱུས་རིག་པའི་སློབ་དཔོན་ཆེན་མོ་ཏར་ལེན་གྱིས་བདེ་སྐྱིད་ཀྱི་ལོ་རྒྱུས་ཞེས་བྱ་བ་ཞིག་བྲིས་ཤིང་དེའི་གཙོ་དོན་ནི་འདི་སྐད་དེ་མཐར་གཏུགས་ན་མིའི་རིགས་ཀྱི་བདེ་སྐྱིད་ཅེས་པ་གང་ཞིག་ཡིན། མཐར་གཏུགས་ན་དངོས་པོ་ཅི་ཞིག་གིས་ངེད་ཅག་ལ་བདེ་སྐྱིད་སྦྱིན་ནུས་ཞེས་པ་དེ་ཡིན། འོ་ན་དེའི་ལན་དུ་རྩོམ་པ་པོས་གང་ཞིག་གནང་ཡོད་ཅེ་ན། འདི་སྐད་དེ། ལྷ་སྒྲུང་དུ་ཡེ་ཤུའི་སྐུ་ཁྲག་གིས་གཏམས་པའི་མཆོད་ཀོང་དང་འདྲ་བར་བླ་ན་མེད་པའི་བདེ་སྐྱིད་ཅེས་པ་ཡང་ང་ཚོའི་རྟོག་བཏགས་ཀྱི་ཀློང་དུ་གནས་སྲིད་པ་ཙམ་ཡིན་ཞེས་ཟེར།
སྐད་ཆ་གཞན་ཞིག་གིས་བཤད་ན། དེ་ནི་བདེ་སྐྱིད་ཡང་དག་པ་ཞིག་འཐོབ་ཏུ་མེད་དོ་ཞེས་པའི་དོན་ཡིན་ཞིང་། གྲུབ་དོན་དེ་དང་ནང་ཆོས་ལས་བསྟན་པའི་ཁམས་གསུམ་འཁོར་བ་རུ་བདེ་བ་མེད་ཅེས་པ་དང་མ་བགྲོས་གཅིག་མཐུན་དུ་སོང་ཡོད།
ལ་ལ་ཞིག་གིས་མིའི་མི་ཚེ་ནང་དུ་ཡོད་ཚད་སྡུག་བསྔལ་འབའ་ཞིག་མ་ཡིན་པར་ད་དུང་བདེ་བ་འགའ་ཞིག་ཀྱང་ཡོད་ཅེས་སྨྲས་ཏེ་དགག་པ་ཁོ་ན་བྱེད། སྐད་ཆ་དེ་བདེན་དུ་ཆུག་ཀྱང་དོན་དུ་བདེ་བ་དེ་དག་ཀྱང་གནས་སྐབས་ཙམ་ལས་མི་བརྟན་པའམ་འགྱུར་བའི་ཆོས་ཅན་ཡིན་པས་དུས་དང་དུས་མིན་པར་སྡུག་བསྔལ་དུ་འགྱུར་སྲིད། དེའི་ཕྱིར། ང་ཚོའི་བདེ་སྐྱིད་ནི་རས་ཡུག་སྔོན་པོའི་སྟེང་གི་དཀར་ཐིག་ཆུང་ཆུང་དང་འདྲ་བས་དེ་ནི་གནས་སྐབས་ཀྱི་རྒྱན་ཆ་ཞིག་ལས་མི་ཚེའི་རང་མདོག་མ་ཡིན།
ད་དུང་ལ་ལས་བདེ་བ་ནི་མིའི་ཚོར་བའི་དབང་པོའི་སྟེང་དུ་གནས་ཏེ་དཔེར་ན་ལུས་པོའི་རེག་བྱ་དང་ཡིད་དུ་འོང་བའི་སྒྲ་དབྱངས། ལྟ་ན་སྡུག་པའི་དངོས་པོ་སོགས་ལ་འཕྲད་པའི་རེག་ཚོར་ལྟ་བུའོ་ཞེས་ཟེར། དངོས་པོ་དེ་དག་གིས་ཀྱང་བདེ་བ་འགའ་ཞིག་སྟེར་ནུས་པ་བདེན་པ་ཡིན། འོན་ཀྱང་འདི་འདྲའི་བདེ་བ་ལ་སྙིང་པོས་སྟོངས་ཤིང་སྐབས་ལ་ལར་སྨན་རྫས་ཙམ་གྱིས་ཀྱང་བདེ་བ་དེ་ཙམ་སྟེར་ནུས།
དོན་དམ་པར་བདེ་སྐྱིད་ཡང་དག་པ་ནི་ནང་སེམས་ནས་ཡོང་དགོས། གལ་ཏེ་སྡུག་བསྔལ་ལས་བྲལ་ཞིང་བདེ་བ་འདོད་ན་ནང་བསམ་པའི་སྟེང་ནས་མགོ་རྩོམ་དགོས།
མགོ་ཇི་ལྟར་བྱས་ཏེ་རྩོམ་དགོས་ཤེ་ན།
དེ་ཡང་འགག་རྩའི་གནད་དོན་འདི་ངོས་ཟིན་དགོས་ཏེ། སྡུག་བསྔལ་གྱི་རྩ་བ་བདག་འཛིན་ཡིན་པས་བདག་ལ་ཞེན་ཆགས་ཉུང་དུ་བཏང་སྟེ་འཚོ་བའི་སྙིང་པོ་རང་བདེ་དོན་གཉེར་ལས་གཞན་བདེ་དོན་དུ་གཉེར་བར་བསྒྱུར་ན། སྔོན་དབུགས་འབྱིན་རྔུབ་མི་ཐུབ་པར་སྟེང་ནས་ནོན་པའི་གནོན་ཤུགས་སོགས་ཏེ། དཔེར་ན་ཁེ་དང་དབང་གྲགས་ལ་ཐབས་ཤེས་རྩལ་སྤྲུག་བྱེད་པ་དང་བརྩེ་དུང་ལ་ཐོབ་ཤོར་རེ་དོགས་སྣ་ཚོགས་བྱེད་པ་སོགས་ཀྱི་སྡུག་བསྔལ་རང་ཤུགས་ཀྱིས་རྗེས་མེད་དུ་ཡལ་འགྲོ།
སློབ་དཔོན་ཆེན་མོ་ཞིག་སློབ་མ་དང་མཉམ་དུ་ས་ཞིང་གི་ལམ་ཕྲན་དུ་འཆམ་འཆམ་དུ་སོང་ཞིང་གློ་བུར་དུ་ལྷམ་ཆ་གཅིག་ལམ་དུ་བོར་བ་མཐོང་བས། ཉེ་འཁོར་གྱི་ཞིང་པ་ཞིག་གི་ཡིན་པ་རེད་བསམས། སློབ་མས་སློབ་དཔོན་དེ་ལ་ང་ཚོས་ལྷམ་བསྐུངས་ཏེ་ནགས་གསེབ་ཏུ་ཡིབས་ནས་ཞིང་པས་ལྷམ་མི་རྙེད་པའི་འུ་ཐུག་གི་རྣམ་པ་ལ་བལྟས་ན་མི་ལེགས་སམ་ཞེས་སྨྲས། སློབ་དཔོན་དེས་མགོ་བོ་གཡུགས་ཏེ་ན་རེ། ང་ཚོས་གཞན་གྱི་སྡུག་བསྔལ་གྱིས་རང་ཉིད་ཀྱི་བདེ་བ་འཚོལ་མི་རུང་། ཁྱོད་ཀྱིས་དེ་ལ་རོགས་རམ་བྱས་ཏེ་བདེ་བ་སྔར་ལས་མང་བ་འཚོལ་ཆོག ཁྱོད་ཀྱིས་ལྷམ་རེའི་ནང་དུ་དོང་ཙེ་རེ་ཞོག་དང་དེ་ནས་ནགས་གསེབ་ཏུ་ཡིབས་ཏེ་དེའི་རྣམ་འགྱུར་ལ་ལྟ་ཞེས་སྨྲས། སློབ་མས་དེ་ལྟར་བསྒྲུབས་རྗེས་གཉིས་ཀ་འགྲམ་གྱི་ནགས་གསེབ་ཏུ་ཡིབ།
ཅུང་མ་འགོར་བར་ཞིང་པ་ཞིག་དེར་སླེབས་ནས་ལྷམ་རྙེད་དེ་རྐང་པ་ལ་གོན། འཕྲལ་དུ་ཁོས་སྐེད་པ་སྒྱུར་ནས་ལྷམ་ཕུད་དེ་བལྟས་པས་དོང་ཙེ་ཞིག་ཕྱི་རུ་བླངས་ཤིང་། ངོ་གདོང་ལས་ཡ་མཚར་བ་དང་དགའ་བའི་རྣམ་པ་ཅིག་ཅར་དུ་མངོན། དེས་མུ་མཐུད་དེ་ལྷམ་གཅིག་ཤོས་ཕུད་དེ་བལྟས་པས་ཡང་དོང་ཙེ་གཅིག་རྙེད། དེའི་ཚེ་སློབ་དཔོན་དང་སློབ་མ་གཉིས་ཀས་ཞིང་པ་དེས་སྤྲོ་སེམས་འཁོལ་བའི་ངང་ནས་མགོ་བོ་བཏེགས་ནས་དགུང་ཨ་སྔོན་ལ་བལྟས་ཏེ་སྐད་ཆེན་པོས་བཀའ་དྲིན་རྗེས་དྲན་གྱི་བསམ་པ་ལྷུག་པུར་བརྗོད་ཅིང་རང་ཉིད་ཀྱི་མགོན་མེད་མལ་སར་ལྷུང་བའི་ཆུང་མ་དང་ཟས་མེད་བཀྲེས་སྐོམ་གྱིས་མནར་བའི་ཕྲུ་གུ་སོགས་གླེང་བ་ཐོས་པས་སློབ་མ་དེ་རྣམ་པ་དེས་ཡིད་འགུལ་ཟབ་མོ་ཐེབས་ཤིང་མིག་གདོང་ལས་མཆི་མ་སྒྲོམ་སྒྲོམ་དུ་ཤོར། སློབ་དཔོན་གྱིས་ཚོར་བ་འདི་གཞན་ལ་བསམ་ངན་བྱས་པ་ལས་ཀྱང་ལྷག་པ་མ་ཡིན་ནམ་ཞེས་དྲིས།
སློབ་མས་ང་ལ་སྔོན་གཏན་ནས་ངོས་ཟིན་མ་མྱོང་བའི་གནས་ལུགས་ཀྱིས་ཕྱུག་པའི་ཚིག་ཅིག་ངོ་འཕྲོད་པར་གྱུར་ཏེ་ཕྱིར་ལེན་ཆིག་རྐྱང་བྱེད་པ་ལས་ཕར་ལ་སྦྱིན་པའི་དགའ་བ་ཤིན་ཏུ་ཆེ་ཞེས་པ་དེ་ཡིན་ཞེས་སྨྲས།
སྟོན་པ་བཅོམ་ལྡན་འདས་ཀྱིས་མིའི་བདེ་བ་ཐམས་ཅད་གཞན་བདེ་འདོད་པ་ལས་འབྱུང་ཞིང་སྡུག་བསྔལ་མ་ལུས་པ་རང་བདེ་གཉེར་བ་ལས་འབྱུང་ཞེས་གསུངས། གལ་སྲིད་འདི་ཙམ་ངོས་ཟིན་ནས་དལ་གྱིས་ལེགས་བཅོས་ཡོང་བར་འབད་ན་བདེ་སྐྱིད་ཐོབ་པ་ལ་ལམ་ཐག་རིང་པོ་མེད་ཅིང་ཡུན་རིང་དུ་ཡང་བརྟན་པར་བྱེད་ནུས་སོ། །
རྩོམ་པ་པོའི་ངོ་སྤྲོད་མདོར་བསྡུས།
མཁན་པོ་བསོད་དར་རྒྱས་ནི་སྤྱི་ལོ་༡༩༦༢ལོར་སི་ཁྲོན་ཞིང་ཆེན་དཀར་མཛེས་ཁུལ་བྲག་འགོ་རྫོང་ལི་ཁོག་སྨད་མར་སྐུ་འཁྲུངས། སློབ་གྲྭ་ཆུང་འབྲིང་དང་དགེ་འོས་སློབ་གྲྭ་བཅས་མཐར་ཕྱིན་རྗེས། ༡༩༨༥ལོར་བླ་རུང་ལྔ་རིག་ནང་བསྟན་སློབ་གླིང་དུ་ཕེབས་ཏེ་
༧ཆོས་རྗེ་ཡིད་བཞིན་ནོར་བུ་བླ་མར་བསྟེན་ཅིང་དགའ་སྤྱད་དང་སློབ་སྦྱོང་ནན་ཏན་མཛད་པས་མཁན་པོར་མངའ་གསོལ། ཆོས་རྗེ་མཆོག་གི་བཀའ་ལྟར་བླ་རུང་རྒྱལ་སྤྱིའི་སློབ་ཚོགས་རྣམས་ཀྱི་ཐུགས་འགན་བཞེས་ཏེ་མི་ལོ་སུམ་ཅུ་ལྷག་སོང་། དེའི་རིང་དུ་སྐུ་ངལ་དང་དཀའ་བ་མང་པོ་ཁྱད་དུ་བསད་ནས་མདོ་སྔགས་ཀྱི་ཟབ་ཆོས་མང་པོ་འཆད་ཁྲིད་གནང་ཞིང་བསྟན་པ་སྤེལ་བར་མཛད། ལྷག་པར་དུ་བོད་རྒྱའི་ཡིག་སྒྱུར་སྐོར་དང་བརྩམས་ཆོས་མང་པོ་མཛད་ཅིང་འགྲེམ་སྤེལ་བྱས། དཔེར་ན་མི་ཚེའི་དཀའ་སྡུག་ཅེས་པའི་དེབ་ཁྲོམ་རར་བཀྲམ་པའི་ཉིན་༤༥རིང་ལ་དེབ་ཁྲི་༣༠བརྒལ་བ་བྲིན་པར་གྱུར་པ་སོགས་མང་།༡༩༩༠ ལོ་ནས་ ༡༩༩༩ ལོའི་བར་དུ་ཆོས་རྗེ་མཆོག་དང་ལྷན་ཡོ་རོབ་དང་ཨ་རི། ཨེ་ཤ་ཡའི་ཤར་ལྷོའི་རྒྱལ་ཁབ་ཁག་ཏུ་ཕེབས་ཤིང་། ཉེ་བའི་ལོ་ཤས་རིང་། ཆིན་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན། ཧོང་ཀོང་སློབ་ཆེན་སོགས་རྒྱལ་ཕྱི་ནང་གི་སློབ་གླིང་ཆེ་ཁག་བརྒྱ་ཕྲག་ལྷག་ཏུ་གདན་ཞུས་ལྟར་ཕེབས་ཏེ་དགེ་སློབ་མང་པོ་དང་མཉམ་དུ་བསམ་བློ་བརྗེ་རེས་མཛད་ནས་ནང་ཆོས་ཀྱི་དགོངས་དོན་ཁ་གསལ་གོ་བདེའི་ལུགས་སུ་ལྷུག་པོར་བཀྲལ་ཏེ་སློབ་མ་མང་པོར་ཕན་བདེའི་གསོས་སྨན་རྒྱ་ཆེར་བསྩལ། བོད་ཁུལ་དུ་སློབ་གྲྭ་ཆུང་འབྲིང་བཙུགས་པ་སོགས་དགེ་ལས་སྐོར་གྱི་ཕྱག་ལས་རྒྱ་ཆེར་མཛད།
༧ ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུས།
དཔལ་ལྡན་བླ་མའི་བྱིན་རླབས་སྙིང་ལ་ཞུགས། །
རིས་མེད་འགྲོ་ལ་ཆོས་ཀྱི་ཆར་ཆེན་འབེབས། །
བསླབ་གསུམ་མཛོད་འཆང་བསོད་ནམས་དར་རྒྱས་མཆོག །
སྐུ་ཚེ་མི་འགྱུར་ཡུན་དུ་བཞུགས་གསོལ་འདེབས། །
ཐུགས་བསྐྱེད་རི་བོང་འཛིན་པའི་འོད་སྣང་གིས། །
ལྔ་བདོའི་མུན་པ་དབྱིངས་སུ་བསྙིལ་ནུས་ཤོག།
ཅེས་བདེན་ཚིག་གྲུབ་པའི་གསུང་གིས་བསྔགས་པ་ལྟར་སྐུ་འཚོ་ཞིང་བསྟན་འགྲོར་ཕན་པའི་མཛད་བཟང་སྐྱོང་བཞིན་ཡོད།
རྩོམ་སྒྲིག་པས།