རང་གི་བྱ་བ་སྒྲུབ་པ་ལ་ཕ་མ་བཀོལ་མི་རུང་།
ལེའུ་དྲུག་པ།
ཕ་མ་ལ་སྲི་ཞུ་སྒྲུབ་པའི་ཤེས་རབ།
ལ་ལས་རང་ཉིད་རྒྱུ་འབྲས་ལྡན་པའི་མི་ཞིག་ཡིན་པས་ཅིའི་ཕྱིར་བྱ་བ་མང་པོ་ལ་བར་ཆད་བྱུང་ནས་ལེགས་འགྲུབ་མི་འབྱུང་ཞེས་བསམས་པ་རེད། དོན་དུ་རང་ཉིད་ལ་ནན་ཏན་གྱིས་བརྟག་དཔྱད་ལེགས་པོ་བྱས་ན་རྒྱུ་འབྲས་ལྡན་པ་ཞིག་ཅི་ཡང་ཡིན་མི་སྲིད། མི་དགེ་བ་གཞན་མི་གླེང་བར་ཕ་མ་བྲན་གཡོག་ལྟར་བཀོལ་བའི་ལས་འདི་གཅིག་པོ་གང་ཙམ་ཞིག་བསགས་ཡོད་རྒྱུ་རེད། མི་དགེ་བའི་རྒྱུ་འདི་དག་ཡོད་ན་བྱ་བ་ལ་བར་ཆད་མི་འབྱུང་བ་ག་ལ་སྲིད།
ད་ལྟའི་བུ་བུ་མོ་འགའ་ཞིག་གིས་ཉིན་རྟག་པར་ཕ་མ་ལ་སྔོ་ཚལ་ཉོ་རུ་འཇུག་པ་དང་གོན་པ་བཀྲུ་རུ་འཇུག་པ་དང་།བྱིས་པ་ལ་ལྟ་སྐྱོང་བྱེད་དུ་འཇུགགདབདར་བྱེད་དུ་འཇུག་པ་སོགས་ཨ་ཕ་བྲན་ཕོ་ལྟ་བུར་བཀོལ་ཞིང་ཨ་མ་བུ་རྫི་ལྟ་བུར་བཀོལ་བ་རེད།ཁྱད་པར་གཞོན་ནུ་མང་པོ་ཞིག་ཁྱིམ་ཚང་གི་ཁེར་བུ་ཡིན་པའི་རྐྱེན་གྱིས་ཆུང་ནས་གཅེས་ལངས་སུ་ཤོར་ཟིན་པས་ཕ་མས་རང་ཉིད་ཀྱི་དོན་དུ་ངལ་ལས་བྱེད་པ་ནི་ཚུལ་དང་མཐུན་པར་སྙམ་ཞིང་།ཐ་ན་ཕ་མའི་སྐྲ་དཀར་སིང་ངེར་གྱུར་ཅིང་གདོང་གཉེར་མས་ཁེབས་ཀྱང་འདི་སྒྲུབ་དེ་སྒྲུབ་སྨྲས་ནས་གཡོག་ལྟར་སྤྱོད།
ལ་ལས་ཟ་མ་གཡོ་མི་ནུས་པའི་ཚེ་ཚིག་སྙན་པོ་འགའ་བཤད་དེ་ཨ་མ་ལགས།ང་ཁྱེད་ཀྱིས་གཡོས་པའི་ཟ་མ་བཟའ་རྒྱུར་ཤིན་ཏུ་དགའ་བས་ང་ལ་ཐེངས་གཅིག་གཡོ་རོགས་སོགས་སྨྲ།རང་གིས་ལས་མི་འདོད་པ་ཤིན་ཏུ་གསལ་ཡང་ཐབས་བརྒྱ་ཇུས་སྟོང་གིས་ཕ་མའི་ཕྱོགས་སུ་འཕེན་པའི་ལས་འདི་དག་ཚུལ་དང་མི་མཐུན་པ་ཤ་སྟག་ཡིན།
སྔོན་མ་སྨད་གཉིས་ལྷན་ཅིག་ཞོ་ཟོམ་གང་རེ་ཁུར་ནས་ལམ་ལ་ཆས།བུ་མོས་ཁུར་མ་འདོད་དེ་མ་ལ་མགོ་བསྐོར་བཏང་ནས་ན་རེ།ཡུམ་ལགས།ངས་མི་གཙང་བ་འདོར་དགོས་པ་ཁྱེད་ཀྱིས་ཞོ་ཁུར་ནས་སྔོན་དུ་བཞུད་ཅིག་ཅེས་སྨྲས།བུ་མོས་བསམ་བཞིན་རྗེས་སུ་དལ་དལ་ལྷོད་ལྷོད་ཀྱི་ངང་དུ་བསྡད།དེ་ལྟར་ལམ་ཐག་ཤིན་ཏུ་རིང་མོར་མ་རྒན་གྱིས་ཞོ་ཟོམ་གཉིས་ག་ཁུར་ཏེ་ལུས་སྒྱུར་ནས་སོང་།
བུ་མོ་དེའི་སྐྱེ་བ་ཕྱི་མ་ཤྰཀྱའི་བུ་མོ་མཛེས་མ་གྲགས་འཛིན་མ་ཡིན་ཏེ་ལས་དེའི་རྣམ་པར་སྨིན་པས་མངལ་དུ་བུ་ལོ་དྲུག་ལ་སྦྲུམ་ཞིང་བཙའ་བའི་དུས་སུ་ཡང་སྡུག་ཆེན་པོ་མྱངས་པ་རེད།
བྱམས་ལྡན་ཕ་མ་ནི་ཡུལ་ཤིན་ཏུ་གཉན་པོ་ཡིན་པས་ཕ་མ་ལ་སྲི་ཞུ་སྒྲུབ་པའི་སྲོལ་རྒྱུན་གྱི་བསམ་བློ་འདི་དུས་རབས་ཇི་ལྟར་གྱིས་འཕེལ་རྒྱས་སུ་སོང་ཡང་རྩ་བ་ནས་འདོར་མི་རུང་བ་མ་ཟད་ད་དུང་ཕྱི་རབས་པར་ཅིས་ཀྱང་ཤེས་སུ་འཇུག་དགོས།
པེ་ཅིང་ལ་ལོ་བཅུ་ཅན་གྱི་སློབ་མ་ཆུང་ཆུང་ཞིག་ཡོད་ཅིང་མ་རྒན་ནད་ཀྱིས་བཟུང་ཚེ་བདག་སྐྱོང་བཟང་པོ་བྱས་པ་དང་ཐ་ན་ནད་གཡོག་ཚེགས་ཅན་དག་ཀྱང་དངོས་སུ་བསྒྲུབས་པ་རེད།
མི་ཧ་ཅང་མང་པོས་ཁྱོས་ཅིའི་ཕྱིར་འདི་ལྟར་སྒྲུབ་ནུས་པ་རེད་ཅེས་དྲིས་ཚེ།
དེས་དགེ་རྒན་གྱིས་སློབ་མའི་བསླབ་བྱ་བཤད་སྐབས།ཉིན་མཚན་བསྙེན་བཀུར་ཞུ།།གམ་ནས་འབྲལ་མི་བྱ།།ཞེས་བཤད་པས་ཨ་མ་ནད་ཀྱིས་མནར་སྐབས་ངས་ཅི་ནུས་ཅི་ལྕོགས་ཀྱིས་བདག་སྐྱོང་བྱེད་དགོས་ཞེས་སྨྲས།
ལོ་འགའ་ཞིག་གི་སྔོན་དུ་ངས་ཀྱང་སློབ་མའི་བསླབ་བྱ་བཤད་ཅིང་ཕྱི་རོལ་གྱི་ཆོས་གྲོགས་རྣམས་ལ་སློབ་སྦྱོང་བྱེད་དགོས་པའི་བསྐུལ་མ་བྱས།དང་ཐོག་ལ་ལས་གོ་བ་མ་ལོན་ནས་ཁྱེད་ཀྱིས་ཅིའི་ཕྱིར་སློབ་མའི་བསླབ་བྱ་བཤད་དགོས་ཞེས་དྲིས་ཤིང་འདི་ནི་ངེད་ཅག་རྒྱ་རིགས་ཀྱི་སྲོལ་རྒྱུན་གཞུང་ལུགས་ཤིག་ཡིན་པས་ཁྱེད་ཀྱིས་མ་བཤད་ཀྱང་ང་ཚོས་ཤེས་ཞེས་ཟེར།
ཡིན་ཡང་བསླབས་ཟིན་རྗེས་མི་ཉུང་བ་ཞིག་གིས་ཕ་མའི་བཀའ་དྲིན་ཤིན་ཏུ་ཆེ་བར་སྙམ་ནས་མཆི་མ་དབང་མེད་དུ་ཤོར་ཞིང་།སྔོན་ཕ་མ་ལ་སྲི་ཞུ་མ་བསྒྲུབས་པ་མ་ཟད་ལྡོག་སྟེ་ཁོང་ཚོར་སྡུག་མང་པོ་གཏད།ད་ལྟ་ཕ་མའི་དྲིན་ལན་འཇལ་བསམས་རུང་མི་ཡུལ་ལས་བྲལ་ཟིན་ཞེས་སྨྲས།
རྒྱ་ནག་གི་གནའ་བོའི་དུས་སུ་དགེ་བ་འབུམ་ཕྲག་ལས་སྲི་ཞུ་མཆོག་ཅེས་སྨྲ་བ་དང་དེ་ལ་གཙིགས་ཆེན་མཛད་ཅིང་སྲི་ཞུར་མི་བརྩོན་པའི་མ་རུངས་པ་དག་ལ་བཀའ་བཀྱོན་ཆེན་པོ་བྱེད་པ་རེད།ཡིན་ཡང་ད་ལྟའི་སློབ་གྲྭ་འགའ་ཞིག་གིས་སློབ་མ་གསོ་སྐྱོང་བྱེད་སྐབས་སྐར་གྲངས་ཁོ་ནར་ལྟ་བ་ལས་ཁོ་ཚོའི་ཀུན་སྤྱོད་ཀྱི་སྦྱོང་བརྡར་ལ་དོ་སྣང་གང་ཡང་མི་བྱེད་པས་འདི་ནི་མིག་སྔའི་སློབ་གསོའི་སྐྱོན་ཆ་ཆེས་ཆེ་བ་ཞིག་ཡིན།
ཨེན་སི་ཐིན་གྱིས་སློབ་གསོ་ཞེས་པ་གང་ཞེ་ན།དེ་ནི་མི་ཞིག་གིས་སློབ་གྲྭ་ནས་བསླབས་པའི་ཤེས་བྱ་ཡོད་ཚད་བརྗེད་ཟིན་རྗེས་ཤུལ་དུ་ལུས་པ་དག་ཡིན་ཞེས་སྨྲ་མྱོང་།
ཨ་རིའི་སྲིད་འཛིན་བྷོས་ཤུ་ཆུང་བའི་ཡུན་ཆེན་གྱིས་ཀྱང་ཕ་མར་གྱུར་པའི་མི་དག་གིས་ཕྲུ་གུ་ལ་རིན་ཐང་ལྡན་པའི་དངོས་པོ་གསུམ་སྦྱིན་དགོས།དང་པོ་ནི་ཕུལ་དུ་བྱུང་བའི་སློབ་གསོ་ཡིན།གཉིས་པ་ནི་མིག་དཔེ་བཟང་བོ་ཞིག་བྱ་རྒྱུ་དེ་ཡིན།གསུམ་པ་ནི་འཇིག་རྟེན་འདིའི་སྟེང་གི་བརྩེ་བ་ཡོད་ཚད་སྦྱིན་དགོས་ཞེས་བཤད་ཡོད།
དེའི་ཕྱིར་སློབ་གསོ་ནི་ཤེས་བྱ་གསོག་པ་ཁོ་ན་མ་ཡིན་པར་སེམས་ཁམས་ཀྱི་སློབ་གསོ་དང་བརྩེ་བའི་སློབ་གསོ།སྲི་ཞུའི་སློབ་གསོ་སོགས་དགོས་པ་ཤེས་ནུས།གལ་སྲིད་འདི་དག་མེད་ན་སློབ་གསོའི་རྣམ་ཤེས་བོར་ཟིན་པ་དང་འདྲའོ།།
ལ་ལས་རང་ཉིད་རྒྱུ་འབྲས་ལྡན་པའི་མི་ཞིག་ཡིན་པས་ཅིའི་ཕྱིར་བྱ་བ་མང་པོ་ལ་བར་ཆད་བྱུང་ནས་ལེགས་འགྲུབ་མི་འབྱུང་ཞེས་བསམས་པ་རེད། དོན་དུ་རང་ཉིད་ལ་ནན་ཏན་གྱིས་བརྟག་དཔྱད་ལེགས་པོ་བྱས་ན་རྒྱུ་འབྲས་ལྡན་པ་ཞིག་
ཅི་ཡང་ཡིན་མི་སྲིད། མི་དགེ་བ་གཞན་མི་གླེང་བར་ཕ་མ་བྲན་གཡོག་ལྟར་བཀོལ་བའི་ལས་འདི་གཅིག་པོ་གང་ཙམ་ཞིག་བསགས་ཡོད་རྒྱུ་རེད། མི་དགེ་བའི་རྒྱུ་འདི་དག་ཡོད་ན་བྱ་བ་ལ་བར་ཆད་མི་འབྱུང་བ་ག་ལ་སྲིད།
ཡང་སྙིང་ཕ་མ་ལ་ཇི་ལྟར་བྱེད་དགོས་པ་འདི་ལ་རང་རེ་ཚང་མས་ཁ་ནང་དུ་འཁོར་ནས་བརྟག་དཔྱད་ལེགས་པོ་བྱེད་དགོས་སོ།།