༣ སྡུག་བསྔལ་དྲུངས་ནས་འབྱིན་འདོད་ན་བདག་གཞན་མཉམ་བརྗེ་སྒོམ་པ་བཟང་།
༣ སྡུག་བསྔལ་དྲུངས་ནས་འབྱིན་འདོད་ན་བདག་གཞན་མཉམ་བརྗེ་སྒོམ་པ་བཟང་།
སློབ་དཔོན་ཞི་བ་ལྷས། དུས་ཡུན་ཐུང་ངུའི་ནང་དུ་གྲུབ་པ་ཐོབ་སྟེ་རང་གཞན་སྡུག་བསྔལ་གྱི་རྒྱ་མཚོ་ལས་སྒྲོལ་བར་འདོད་ན་མན་ངག་ཆེས་ཟབ་པ་དེ་ནི་བདག་གཞན་མཉམ་བརྗེ་སྒོམ་པ་དེ་ཡིན་ཞེས་གསུངས།
གཞན་གྱིས་རྟག་ཏུ་ང་ལ། མཁན་པོ་ལགས། ང་ལ་མན་ངག་ཅིག་གསུང་རོགས་ཞུ་ཞེས་སྨྲ་བཞིན་འདུག
དོན་དུ་མན་ངག་ཡང་དག་གང་ཡིན་ཞེ་ན། བདག་གཞན་མཉམ་བརྗེ་སྒོམ་པ་འདི་ཡིན་ཏེ་རང་ཉིད་ཀྱི་བདེ་བ་ཐམས་ཅད་གཞན་ལ་སྦྱིན་པ་དང་གཞན་གྱི་སྡུག་བསྔལ་ཡོད་ཚད་རང་ཉིད་ཀྱིས་དང་དུ་ལེན་པ་ལ་ཟེར་རོ། །འདི་ནི་མི་སར་རང་འཇོག་བྱེད་པའི་ཉམས་ལེན་ཆེས་ཟབ་ཤོས་ཤིག་ཀྱང་ཡིན།
འོ་ན་བདག་གཞན་མཉམ་བརྗེ་ཇི་ལྟར་སྒོམ་དགོས་ཤེ་ན། དེ་ནི་དབུགས་རྔུབ་པ་དང་གཏོང་བའི་སྒོ་ནས་སྒོམ་དགོས།
དབུགས་ཕྱི་རུ་གཏོང་ཚེ་རང་ཉིད་ཀྱི་བདེ་བ་དང་དགེ་བ། བདེ་ཐང་། བསོད་ནམས་སོགས་རླུང་དཀར་པོར་གྱུར་ཏེ་སྣའི་བུ་ག་ལས་ཐོན་ནས་སེམས་ཅན་གཞན་ལ་ཐིམ་ཞིང་དེ་དག་ལ་བདེ་བ་ཕུན་སུམ་ཚོགས་པ་ཐོབ་པར་བསམ་དགོས།
དབུགས་ནང་དུ་རྔུབ་ཚེ་སེམས་ཅན་ཐམས་ཅད་ཀྱི་སྡུག་བསྔལ་དང་ཉོན་མོངས་པ། བར་ཆད་སོགས་རླུང་ནག་པོར་གྱུར་ཏེ་སྣའི་བུ་ག་ནས་རང་ལ་ཐིམ་ཞིང་སེམས་ཅན་ཐམས་ཅད་ཀྱི་ཚབ་ཏུ་རང་ཉིད་ཀྱིས་འཇིག་རྟེན་འདིའི་སྟེང་གི་མི་བདེ་བ་དང་སྡུག་བསྔལ་ཐམས་ཅད་མྱོང་བར་བསམ་དགོས།
འདི་ནི་ཁྱད་དུ་འཕགས་པའི་ཐེག་པ་ཆེན་པོའི་སྒོམ་ཐབས་ཤིག་ཡིན་པ་མ་ཟད་སྡུག་བསྔལ་དྲུངས་ནས་འབྱིན་པའི་ཆེས་མྱུར་ཞིང་བཀོལ་བདེ་བའི་མན་ངག་ཅིག་ཀྱང་ཡིན།
སོ་སྐྱེ་ཕལ་བ་ཞིག་ཡིན་པའི་ཆ་ནས་ང་ཚོའི་མི་ཚེ་གཅིག་ཏུ་བར་ཆད་གང་ཡང་མེད་པར་ཐམས་ཅད་ཕུན་སུམ་ཚོགས་པ་ཞིག་ཡོང་མི་སྲིད། སྐབས་ལ་ལར་སྟབས་མ་ལེགས་ཏེ་གློ་ཚད་དང་མཆིན་ཚད། ངན་སྐྲན་སོགས་ནད་ངན་ཕོག་སྲིད། མཚམས་ལ་ལར་མི་དང་མི་མ་ཡིན་གྱི་གནོད་པ་དང་འཕྲད་སྲིད། སྐབས་ལ་ལར་ནི་མི་ཡོད་ཚད་ཀྱིས་རང་ཉིད་ལ་མཐོང་ཆུང་དང་དམའ་འབེབས་བྱས་སོ་སྙམ་སྟེ་སེམས་པ་སྐྱོ་སྡུག་གིས་མནར་སྲིད། མཚམས་ལ་ལར་ནི་སེམས་ནང་གི་ཉོན་མོངས་པའི་ཐ་བ་སྨྱོས་པ་ལྟར་ཕྱོགས་ཕྱོགས་སུ་མཆེད་ཅིང་འཁྲུགས་པར་
འགྱུར་སྲིད།
སྔོན་རྒད་པོ་ཞིག་གིས་ང་ལ་ཁ་པར་བཏང་སྟེ། མཁན་པོ་ལགས། ང་ནད་ཀྱིས་བཟུང་བས་མི་ཚད་གཞན་གྱིས་ཀྱང་བརྙས་བཅོས་བྱེད་བཞིན་འདུག་པས་ད་ལྟ་སེམས་སུ་སྡུག་བསྔལ་ཆེན་པོ་ཡོད། ཁྱེད་ཀྱིས་ང་ལ་དེ་དག་སེལ་བའི་བློ་ཐབས་ཤིག་བསླབས་ན་ཆོག་གམ་མི་ཆོག་ཅེས་ཟེར།
དོན་དུ་ང་མ་དགོས་སངས་རྒྱས་དང་བྱང་ཆུབ་སེམས་དཔའ་ཡིན་རུང་བདག་གཞན་མཉམ་བརྗེ་ལས་གཞན་པའི་ཐབས་གཞན་ཞིག་གསུང་མི་སྲིད། དེ་ནས་ངས་ཁོ་ལ་ཁྱོད་ཀྱིས་སེམས་ཅན་ཐམས་ཅད་ཀྱི་དོན་དུ་སྡུག་བསྔལ་སྐྱོང་དགོས་བསམས་ཏེ་བདག་གཞན་མཉམ་བརྗེ་བསྒོམས་ན་ཆོག་པ་རེད་ཅེས་བཤད་པ་ཡིན།
རྒད་པོ་དེས་ཉན་རྗེས་ན་རེ། བློ་ཐབས་འདི་ཡང་བདེན། འོན་ཀྱང་ངས་བསམས་ན། ཨེན། ད་དུང་དེ་ལས་གཞན་པའི་ནུས་པ་ཁྱད་པར་ཅན་ལྡན་པའི་བློ་ཐབས་ཡོད་རྒྱུ་རེད། དེ་མིན་པར་ད་དུང་སྡུག་བསྔལ་ཆེན་པོ་འདི་འདྲ་མྱོང་ག་ལ་སྲིད་ཅེས་ཟེར།
སྐབས་དེར་ངས་འདི་སྙམ་དུ་བསམས། སྡུག་བསྔལ་དེ་འདྲ་མྱོང་བ་ནི་ཕྱོགས་གཅིག་ནས་རྒད་པོ་དེའི་ལས་ཀྱི་རྣམ་སྨིན་ཡིན་ཡང་སྲིད། ཕྱོགས་གཞན་ནས་དེས་སེམས་འདུལ་བར་བྱེད་པའི་ཐབས་ལམ་ཡང་དག་པ་ཞིག་མ་རྙེད་པར་ས་ཆ་ཆེ་གེ་མོ་ཞིག་གི་སྨན་བཟའ་བའམ་བྱིན་རླབས་ཞུ་བ་སོགས་དངོས་པོ་ཞིག་གི་ནུས་པ་ལ་བརྟེན་ནས་ལུས་སེམས་ཀྱི་མི་འདོད་པ་སེལ་བར་བྱེད་དགོས་ཞེས་རྒྱུན་དུ་སྙམ་བཞིན་འདུག་བསམས།
དོན་དུ་ང་ཚོའི་ལུས་སེམས་ཀྱིས་སྡུག་བསྔལ་མྱོང་སྐབས་སྡུག་བསྔལ་དེ་དག་སེལ་བ་ལ་བདག་གཞན་མཉམ་བརྗེའི་ཉམས་ལེན་དགོས་ཏེ་བློ་སྦྱོང་དོན་བདུན་མ་ལས་བདག་གཞན་མཉམ་བརྗེ་ནི་ལམ་གོང་འོག་ཐམས་ཅད་ཀྱི་མན་ངག་གི་རྩ་བ་དང་མན་ངག་གཅིག་པུ་ཡིན་ཞེས་གསུངས་སོ། །