༣ བར་ཆད་གཅིག་གི་རྗེས་སུ་གཅིག་འབྱུང་བ་ནི་རྒྱུན་ལྡན་ཡིན།
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
༣ བར་ཆད་གཅིག་གི་རྗེས་སུ་གཅིག་འབྱུང་བ་ནི་རྒྱུན་ལྡན་ཡིན།
མི་ཞིག་ལས་སྣ་ཚོགས་པའི་སྐུལ་སློང་འོག་སྡུག་བསྔལ་ཡང་བར་མ་ཆད་དུ་འབྱུང་ཞིང་། སྡུག་བསྔལ་ལས་སྡུག་བསྔལ་ལམ་སྡུག་བསྔལ་གྱི་སྟེང་དུ་སྡུག་བསྔལ་སྣོན་པ་འདི་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཟེར་ཞིང་འཇིག་རྟེན་པས་འདི་ལ་སྡུག་གཅིག་གི་རྗེས་སུ་སྡུག་གཅིག་ཅེས་ཟེར་བ་ཡིན་ནོ། །
མི་ལ་ལ་ཞིག་གཞན་གྱིས་བལྟས་ན་མི་འདོད་པ་ཆེན་པོ་བྱུང་སྟེ་སྡུག་བསྔལ་སྔ་མ་མ་དྭངས་པའི་སྟེང་དུ་སྡུག་བསྔལ་རྗེས་མ་གཅིག་རྗེས་གཉིས་མཐུད་ཀྱིས་ཡོང་བ་སྟེ། རླབས་རྒོད་སྔ་མ་མ་ཞི་བར་ཕྱི་མ་ཐོལ་གྱིས་འཕྱུར་བ་དང་ཤིན་ཏུ་མཚུངས་པ་རེད།
མདོ་སྡེ་མཛངས་བླུན་ལས་བཤད་པའི་དགེ་སློང་མ་ཨུད་པ་ལའི་མདོག་ཁྱིམ་དུ་གནས་སྐབས་སྡུག་བསྔལ་ཡོད་ཚད་གཅིག་རྗེས་གཉིས་མཐུད་ཀྱིས་མོའི་སྟེང་དུ་ལྷགས་ཤིང་དེའི་བརྒྱུད་རིམ་དག་ཀྱང་བསམ་ཡུལ་ལས་འདས་པ་ཞིག་རེད། དེ་ཡང་ཐེངས་ཤིག་མོ་རང་མངལ་ཆགས་པར་གྱུར་ཏེ་ཁྱོ་ཤུག་གཉིས་འགྲོགས་ནས་བུ་ཞིག་ཀྱང་ཁྲིད་དེ་མོའི་ཁྱིམ་དུ་བུ་བཙའ་རུ་སོང་། ལམ་ཕྱེད་ཙམ་དུ་སླེབས་པ་དང་མངལ་མི་བདེ་བར་གྱུར་ནས་ཤིང་ཞིག་གི་དྲུང་དུ་ནམ་གུང་ལ་བུ་བཙས་པ་དང་ཁྱིམ་ཐབ་ཀྱང་སྤྲུལ་གདུག་པས་ཟིན་ཏེ་ཚེ་འཕོས་ཤིང་། ནམ་ལངས་པ་ན་མཐོང་བས་སྐྱོ་བ་ཆེན་པོས་ངུས་ཤིང་བརྒྱལ། བརྒྱལ་སད་པ་ན་འུ་ཐུག་སྟེ་བུ་ཆེ་བ་རྒྱབ་ཏུ་ཁུར་ཆུང་བ་པང་དུ་ཁྱེར་ནས་ངུ་བཞིན་སོང་། ལམ་དབེན་པ་ཞིག་ཏུ་ཆུ་ཆེན་པོ་ཞིག་དང་འཕྲད་ཅིང་བུ་གཉི་ག་མ་ཐེག་པས་བུ་ཆེ་བ་ཆུའི་ཚུ་རོལ་ཏུ་བཞག་ནས་ཆུང་བ་ཕ་རོལ་ཏུ་བསྐྱལ། བུ་ཆེ་བ་བསུ་རུ་འོང་པ་དང་བུས་མ་འོང་པ་མཐོང་ནས་ཆུའི་ནང་དུ་ཞུགས་པས་ཆུས་ཁྱེར། ཕ་རོལ་ཏུ་ཕྱིན་ཙ་ན་བུ་ཆུང་བ་ཡང་སྤྱང་གིས་ཟོས། དེ་ནས་ཡང་ལམ་དུ་ཉེ་ཞིང་བཤེས་པ་ཞིག་དང་འཕྲད་ཅིང་དེས་ཁྱོད་ཀྱི་ཁྱིམ་ལ་མེ་ཤོར་ནས་ཕ་མ་དང་ཁྱིམ་གྱི་མི་ཐམས་ཅད་མེས་ཚིག་སྟེ་ཤི་སོང་ཞེས་སོགས་བཤད་པ་རེད།
ང་ཚོ་ལ་མཚོན་ནས་བཤད་ན་ཁོང་དང་འདྲ་བར་ཡ་ང་བའི་བྱུང་བ་མང་པོ་མྱོང་བའི་ངེས་པ་མེད་ཀྱང་ནམ་རྒྱུན་འཚོ་བའི་ནང་དུ་མི་ཉུང་བ་ཞིག་ནི་མྱངས་ཏེ། དཔེར་ན་ལ་ལ་ལས་ཤོར་བརྒྱབས་མ་ཐག་ནད་ངན་ཞིག་གིས་མལ་སར་ལྷུང་བ་དང་། སྟབས་ཉེས་ཏེ་བུ་ཤི་ཞིང་ལོ་འགའ་ཞིག་གི་རྗེས་སུ་ཆུང་མ་ལ་ངན་སྐྲན་རྙིང་པ་ཕོག་འདུག་པ་ཤེས་པ་དང་། དེ་རིང་ལས་དོན་ལ་ལམ་ལྷོངས་མ་བྱུང་བའི་ཁར་གཞན་གྱིས་མཚང་དྲུས་ཤིང་དེ་དང་མཉམ་དུ་ཅ་དངོས་རྩ་ཆེན་བོར་སྟོར་ཐེབ་པ་ལ་སོགས་པ་ལྟ་བུའོ། །
མི་ཞིག་ལས་སྣ་ཚོགས་པའི་སྐུལ་སློང་འོག་སྡུག་བསྔལ་བར་མ་ཆད་དུ་འབྱུང་ཞིང་། སྡུག་བསྔལ་ལས་སྡུག་བསྔལ་འབྱུང་བའམ་སྡུག་བསྔལ་གྱི་སྟེང་དུ་སྡུག་བསྔལ་སྣོན་པ་འདི་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཟེར་ཞིང་འཇིག་རྟེན་པས་འདི་ལ་སྡུག་གཅིག་གི་རྗེས་སུ་སྡུག་གཅིག་ཅེས་ཟེར་བ་ཡིན་ནོ། །དེ་ལ་སོའུ་རྒྱལ་རབས་སྐབས་ཀྱི་སློབ་དཔོན་ཧོས་ཡོན་གྱིས་མཛད་པའི་འཕགས་པ་དྲི་མ་མེད་པར་གྲགས་པས་བསྟན་པའི་མདོའི་འགྲེལ་བ་ལས་སྡུག་བསྔལ་ལས་སྡུག་བསྔལ་བྱུང་བ་ལ་སྡུག་བསྔལ་གྱི་སྡུག་བསྔལ་ཞེས་བྱའོ་གསུངས།
ཡིན་ཡང་སྟོན་པ་བཅོམ་ལྡན་འདས་ཀྱིས་འཇིག་རྟེན་འདི་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ནི་གདོད་མ་ནས་དེ་ལྟར་ཡིན་ཞེས་བཞེད་ཅིང་ང་ཚོ་ས་ཆ་གང་ཞིག་ཏུ་སྐྱེས་ཀྱང་སྡུག་བསྔལ་ནི་གཅིག་རྗེས་གཅིག་ལྷགས་པ་སྟེ་སྡུག་བསྔལ་འདི་མེད་པར་མ་སོང་བའི་གོང་དུ་སྡུག་བསྔལ་གཞན་ཞིག་འབྱུང་བས་སྐད་ཅིག་ཏུ་ཡང་བློ་བདེ་བག་ཕེབ་དང་དགའ་དགའ་སྤྲོ་སྤྲོའི་ངང་དུ་སྡོད་པའི་གོ་སྐབས་མེད།
མི་རྟག་པའི་རང་བཞིན་འདི་རྟོགས་རྗེས་ང་ཚོའི་སེམས་སུ་གདེང་ཚོད་ངེས་ཅན་ཞིག་ཡོད་པར་འགྱུར་ཞིང་གདོང་ལེན་ཡང་བྱེད་སླ་མོ་ཡིན་ནོ། །