༤ རྒྱུ་ནོར་དང་གོ་ས་ཡོད་ན་སྡུག་བསྔལ་ཉུང་དུ་འགྱུར་རམ།
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
༤ རྒྱུ་ནོར་དང་གོ་ས་ཡོད་ན་སྡུག་བསྔལ་ཉུང་དུ་འགྱུར་རམ།
ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ཤིན་ཏུ་རྟོགས་དཀའ་ཞིང་དེ་ནི་ལུས་ལ་ལྷོག་པ་བྱུང་བ་ན་ལག་པས་མ་རེག་པ་དང་འདྲ་སྟེ་གནས་སྐབས་སུ་ཟུག་རྔུ་མེད་རུང་ལྷོག་པ་མ་ཞི་བའི་བར་དུ་སྦོས་སྐྲངས་དང་རུལ་བའི་ཉེན་ཁ་ལྡན་པས་སྡུག་བསྔལ་འབྱུང་ཤིན་ཏུ་སླ་བ་ཡིན་ནོ། །
གནས་སྐབས་སུ་བདེ་བ་ཅུང་ཟད་ལྡན་པའི་མི་འགའ་ཞིག་ལ་ཕྱི་ཚུལ་ནས་བལྟས་ན་སྡུག་བསྔལ་གང་ཡང་མྱོང་བཞིན་མེད་པ་ལྟར་སྣང་ཡང་དོན་དུ་སྡུག་བསྔལ་གྱི་རང་བཞིན་ལས་མི་འདའ་བས་དེ་ལ་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ཞེས་ཟེར་རོ། །
ནང་ཆོས་ཀྱི་གཞུང་ལས་གསུངས་པ་ལྟར་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་མི་རྟག་ཅིང་འགྱུར་བ་ལ་ཟེར་ཞིང་དེ་ཡང་འགྱུར་བའི་རང་བཞིན་གྱི་དངོས་པོ་ཐམས་ཅད་སྡུག་བསྔལ་གྱི་རང་བཞིན་ལས་མི་འདའོ། །
སྤྱིར་བཤད་ན་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་རྟོགས་ཧ་ཅང་དཀའ། རྗེ་ཙོང་ཁ་པས་བྱང་ཆུབ་ལམ་རིམ་ཆེན་མོ་ལས་དེའི་དཔེ་ཞིག་གསུངས་ཡོད་དེ། ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་ནི་ཤིན་ཏུ་རྟོགས་དཀའ་ཞིང་དེ་ནི་ལུས་ལ་ལྷོག་པ་བྱུང་བ་ན་ལག་པས་མ་རེག་པ་དང་འདྲ་སྟེ་གནས་སྐབས་སུ་ཟུག་རྔུ་མེད་རུང་ལྷོག་པ་མ་ཞི་བའི་བར་དུ་སྦོས་སྐྲངས་དང་རུལ་བའི་ཉེན་ཁ་ལྡན་པས་སྡུག་བསྔལ་འབྱུང་ཤིན་ཏུ་སླ་བ་ཡིན་ནོ་ཞེས་སོ། །
མི་ལ་ལ་ཞིག་ཡི་མ་རངས་ཏེ་འཁོར་བ་སྡུག་བསྔལ་ཡིན་ཞེས་སུས་བཤད་པ་རེད། ང་རང་ད་ལྟ་ཤིན་ཏུ་དགའ་ཞིང་སྐྱིད་པོར་བསྡད་ཡོད། ལྟོས་དང་། ང་ལ་སྒོར་མོ་ཡོད། གོ་ས་ཡོད། སྡུག་བསྔལ་ཕྲན་ཙམ་ཡང་མེད་ཅེས་བཤད་པ་རྟག་ཏུ་ཐོས་རྒྱུ་འདུག འོན་ཀྱང་འདི་འདྲའི་བདེ་བ་དེ་ནམ་ཡང་འགྱུར་བ་མེད་པར་སུ་ཞིག་གིས་ཁག་ཐེག་བྱེད་ནུས། ཆུང་ནས་ཆེ་རུ་བསྐྱེད་པའི་བར་དུ་རྣམ་པ་ཀུན་ཏུ་དེ་ལྟར་ཡིན་ནམ།
ད་སྐབས་ལ་ལ་ཞིག་གིས་འཁོར་བ་ནི་སྡུག་བསྔལ་ལས་མི་འདའ་ཞེས་ཐོས་སྐབས་དང་ལེན་བྱེད་མི་ཐུབ་ཅིང་། ཁྱད་པར་དུ་ལེགས་འགྲུབ་བྱུང་བའི་མི་འགའ་ཞིག་གིས་སྔོན་དཀའ་སྡུག་ཤིན་ཏུ་མང་པོ་མྱངས་པས་ད་ལྟའི་ཡོད་ཚད་འོད་སྟོང་ལྡན་ཞིང་ཧ་ཅང་སྐྱིད་པོ་ཡིན་སྙམ་ཤར་བས་འཁོར་བའི་སྡུག་བསྔལ་ཞེས་པ་ཞིག་སྒོམ་མི་དགོས་པར་འདོད། འོན་ཀྱང་དེ་དག་གིས་གནས་སྐབས་ཙམ་དུ་སྡུག་བསྔལ་མ་མྱངས་པ་ལས་ད་ལྟ་སྒྲུབ་བཞིན་པའི་བྱ་བ་ཡོད་ཚད་
མ་འོངས་པའི་སྡུག་བསྔལ་གྱི་རྒྱུ་རུ་འགྱུར་འགྲོ། གལ་སྲིད་ཤེས་རབ་ཟབ་མོས་མིག་སྔའི་དངོས་པོ་ཡོད་དོ་ཅོག་ལ་བརྟག་དཔྱད་བྱས་ན་ཐམས་ཅད་ཁྱབ་པ་འདུ་བྱེད་ཀྱི་སྡུག་བསྔལ་གྱི་རང་བཞིན་ལས་མི་འདའ་བ་ཉག་གཅིག་གོ།