༥ མི་ལ་རྒྱུ་ཡོད་ན་སྨྱོ། ཟོག་ལ་རྩྭ་ཡོད་ན་སྨྱོ།
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
༥ མི་ལ་རྒྱུ་ཡོད་ན་སྨྱོ། ཟོག་ལ་རྩྭ་ཡོད་ན་སྨྱོ།
སྐྱེ་དང་འཆི་བའི་ངལ་དུབ། །འདོད་སྲེད་ཆེ་ལས་འབྱུང་ཞིང་། །འདོད་ཆུང་བྱ་བྱེད་སྟོང་བས། །ལུས་སེམས་རང་དབང་འབྱོར་རོ། །
ཕྱུག་ཀྱང་ཆོག་ཤེས་མ་བསྟེན་ན། །དེ་ཡང་དབུལ་ཞིང་སྡུག་བསྔལ་འགྱུར། །དབུལ་ཡང་ཆོག་ཤེས་དག་བསྟེན་ན། །དེ་ནི་ཡང་དག་འབྱོར་བ་ལགས། །
བོད་ལ་ཁ་དཔེ་ཞིག་ཡོད་དེ་མི་ལ་རྒྱུ་ཡོད་ན་སྨྱོ། ཟོག་ལ་རྩྭ་ཡོད་ན་སྨྱོ། ཞེས་ཟེར།
སྐད་ཆ་འདི་ཤིན་ཏུ་བདེན་ཏེ། མི་ཧ་ཅང་མང་པོ་ཟས་གོས་ཀྱིས་མི་འདང་བའི་སྐབས་སུ་འདོད་སྲེད་དྲག་པོ་གང་ཡང་མེད། འོན་ཀྱང་ཉིན་ཞིག་སྒོར་མོ་དང་ལྡན་པར་གྱུར་ན་ལྡོག་སྟེ་འདོད་སྲིད་ཁོང་ནས་བསླངས་ཏེ་སྨྱོས་པ་བཞིན་རྒྱུ་ནོར་གྱི་རྗེས་སྙེག་པ་རེད། ཟོག་ཀྱང་དེ་ལྟར་ཡིན། རྫི་བོར་འགྲོ་ཡོང་མཁན་གྱི་མི་ཀུན་ལ་དེའི་ཉམས་མྱོང་ཡོད། རྩྭ་ཉུང་སའི་ཐང་དུ་སླེབས་སྐབས་རྫི་བོའི་ཁ་རུ་ཉན་ཞིང་རྩྭ་མོད་སའི་ཐང་དུ་སླེབས་ཙ་ན་རྩྭ་བཟའ་བཞིན་རྒྱུག་པ་ལས་རྫི་བོའི་ངག་ལ་གཏན་ནས་མི་ཉན་པ་རེད། དཔེ་འདི་ནི་ད་ལྟའི་སྐྱེ་བོ་འགའ་ཞིག་ལ་ཤིན་ཏུ་འགྲིག་གོ།
ད་སྐབས་མི་ལ་ལ་དག་གི་འདོད་པ་ལ་ཁ་གང་རྒྱུ་གཏན་ནས་མི་འདུག རྒྱུ་ནོར་དང་མཚན་སྙན་ཡོད་བཞིན་དུ་སྔར་བས་མཐོ་བའི་དམིགས་ཡུལ་ལ་འཛེགས་སྙམ་བྱེད་པས་ནང་སེམས་ལ་ཡིད་ཚིམས་རྒྱུ་ཞིག་མེད་པ་འདྲ། དེ་ནི་བསྡུས་བརྗོད་ཀྱི་གཏམ་དཔེ་ཞིག་དང་ཤིན་ཏུ་མཚུངས།
དེ་ཡང་ཁྱི་ཞིག་གིས་སྟབས་ལེགས་ཏེ་རུས་པ་ཞིག་རྙེད། ལམ་དུ་ཆུ་བརྒལ་སྐབས་ཆུའི་ནང་དུ་ཡང་ཁྱི་ཞིག་གིས་རུས་པ་འཆའ་བཞིན་འདུག་པ་མཐོང་བས་རུས་པ་དེ་འཐོབ་པའི་ཆེད་
དུ་ཚམ་ཚོམ་མེད་པར་ཆུ་རུ་མཆོངས། དེས་འབྲས་བུ་གང་ཞིག་ཐོབ་པ་ཤིན་ཏུ་གསལ་ཏེ་ཆུའི་ནང་གི་རུས་པ་ལག་ཏུ་མ་ཐོབ་པའི་ཁར་སྔར་རང་ལ་དབང་བའི་རུས་པ་དེ་ཡང་བྲེལ་ཟིང་གིས་བོར་བ་རེད།
གནའ་བོའི་མི་རྣམས་ཀྱིས་འདོད་པ་བསྟེན་ན་དབུལ་བོར་ཉེ་ཞེས་བཤད། གལ་སྲིད་འདོད་སྲེད་ཚད་ལས་བརྒལ་ན་དབུལ་ཕོངས་ཀྱི་འབྲས་བུ་འཐོབ་པ་གདོན་མི་ཟ། ཡིག་གཟུགས་ཀྱི་སྟེང་ནས་བལྟས་ན་ཡང་འདོད་སྲེད་དང་དབུལ་ཕོངས་གཉིས་ཀྱི་ཡིག་གཟུགས་ཧ་ལམ་འདྲ།༼མཆན། རྒྱ་ཡིག་གི་ཡིག་གཟུགས་ཀྱི་དབང་དུ་བྱས་སོ། །༽དེའི་ཕྱིར་ཤེས་རབ་ཡང་དག་ལྡན་པའི་མིས་ཅི་ལྕོགས་ཀྱིས་ནང་སེམས་ཀྱི་འདོད་སྲེད་ལ་སྟངས་འཛིན་བྱས་ཏེ་རང་ཉིད་ལ་མི་དབང་བའི་དངོས་པོ་དག་ལ་ཧམ་སེམས་མི་འཆང་བར་འདོད་ཆུང་ཆོག་ཤེས་པའི་འཚོ་བ་ལོངས་སུ་སྤྱོད་པར་བྱེད་དགོས།
འདི་ལྟར་བློ་ཡིད་རབ་ཏུ་འཚེངས་ན་སྡོད་ཁང་ཆུང་ཆུང་ཞིག་གི་ནང་དུ་བསྡད་ཀྱང་ནང་སེམས་སུ་དགའ་བ་རྒྱ་ཆེན་པོ་སྐྱེ་ནུས། དེ་མིན་པར་སྐར་ལྔའི་མགྲོན་ཁང་ནང་དུ་བསྡད་ནས་རོ་བརྒྱ་ལྡན་པའི་ཟས་མཆོག་ལ་རོལ་ཞིང་ཁྱིམ་དུ་གསེར་དངུལ་འབུམ་ཕྲག་དུ་མ་སྤུངས་ཀྱང་ནང་སེམས་སུ་ནི་སྡུག་གིས་གང་བར་འགྱུར་བ་རེད། ང་རང་ཉིད་ལ་མཚོན་ན་སྡོད་སའི་ཁང་པ་ལ་སྨི་གྲུ་བཞི་མ་བཅུ་ཙམ་ལས་མེད། དེར་རྒྱ་བསྐྱེད་དེ་བརྩེགས་གསུམ་བཞི་ཅན་གྱི་ཐོག་ཁང་ཞིག་སྐྲུན་ཆོག་ཀྱང་ངས་ནི་འདི་འདྲའི་ཤིང་ཁང་ཆུང་ངུ་དེ་ཉིད་ཧ་ཅང་གིས་སྐྱིད་སྣང་ཤར་ཞིང་། ཆབ་ཁང་ལས་གཞན་པའི་གཞུང་ལས་ཁང་དང་ཉལ་ཁང་། ཡིག་ཁང་། གཡོས་སྦྱོར་ཁང་བཅས་ཚང་མ་འདི་ཡིན་ལ་འདི་འདྲའི་ཚོར་བ་ཡང་ཤིན་ཏུ་སྐྱིད།
ཁོང་ཙིས་ཟ་མ་ངན་ངོན་ཙམ་བཟའ་བ་དང་ཆུ་ཁོལ་འཐུང་བ། དཔུང་པ་ཡིས་སྔས་འབོག་བྱས་ཏེ་འཚོ་བ་སྟབས་བདེ་བསྐྱལ་ཀྱང་དོན་སྙིང་དང་ལྡན་ན་བདེ་སྐྱིད་ཀྱང་དེའི་ནང་དུ་ཡོད་ཅེས་གསུངས། ང་རང་འདི་དང་འདྲ་བའི་སྙིང་སྟོབས་ལ་ཤིན་ཏུ་དགའ། ད་ལྟ་མི་མི་ཉུང་བ་ཞིག་ལ་དཔལ་འབྱོར་གྱི་ཆ་རྐྱེན་ཅི་ཡང་འཛོམས་ཀྱང་བཟའ་རྒྱུ་ཞིམ་པོ་དང་གོན་རྒྱུ་མཛེས་པོ་ཙམ་དོན་དུ་གཉེར་བ་ལས་ཀུན་སྤྱོད་དང་མི་གཞིའི་མཛེས་སྤྱོད་འཆོལ་ཉོག་ཏུ་འགྲོ་བ་ལ་ཅི་མི་སྙམ་པས་བསམ་པའི་འཇིག་རྟེན་སྟོང་སྣང་གིས་ཁེངས་འདུག གནའ་བོའི་སྐྱེ་བོ་རྣམས་ནི་འདི་ལྟར་མ་ཡིན་ཏེ་བཟའ་རྒྱུ་ལ་རིམ་པ་ཅན་མེད་ལ་གོན་རྒྱུ་ཡང་མིང་རྟགས་ཅན་མ་ཡིན་པས་རྒྱུ་འབྲས་ལྡན་པའི་ཀུན་སྤྱོད་ལྡན་པ་ཁོ་ནས་འཇིག་རྟེན་འདིར་འཚོ་བ་ལ་སྙིང་པོ་ཡོད་པར་འདོད།
སངས་རྒྱས་ཀྱི་སྤྱོད་པ་ཆེན་མོ་ཞེས་པའི་ནང་དུ་ཚིགས་བཅད་ཅིག་ཡོད་པ་ཤིན་ཏུ་བཟང་སྟེ་དེ་ཡང་།
ཕྱུག་ཀྱང་ཆོག་ཤེས་མ་བསྟེན་ན། །
དེ་ཡང་དབུལ་ཞིང་སྡུག་བསྔལ་འགྱུར། །
དབུལ་ཡང་ཆོག་ཤེས་དག་བསྟེན་ན། །
དེ་ནི་ཡང་དག་འབྱོར་བ་ལགས། །ཞེས་གསུངས་སོ། །
རྒྱུ་ནོར་འབུམ་ཕྲག་མང་པོ་ཡོད་པའི་མིས་གལ་ཏེ་ཆོག་ཤེས་མི་བྱེད་པར་ཉིན་རྟག་པར་འཛད་མཐའ་མེད་པའི་འདོད་སྲེད་ལ་རྟེན་འཆའ་ན་དེ་ནི་དབུལ་པོའི་སྡུག་བསྔལ་མྱོང་བ་དང་གཅིག་པ་ཡིན་ཞིང་། ལུས་ལ་སྐར་རྡོག་གཅིག་ཀྱང་མེད་པའི་དབུལ་པོས་གལ་ཏེ་ཆོག་ཤེས་པའི་སེམས་དང་ལྡན་པར་གྱུར་ན་དེ་ནི་འཇིག་རྟེན་འདིའི་སྟེང་གི་ཕྱུག་རྒན་ཨང་དང་པོ་ཉིད་ཡིན་ནོ། །