查看原文
其他

༥ འཚེ་སེམས་ནི་དམྱལ་བའི་ཕོ་ཉ་ཡིན། བསོད་དར་རྒྱས་ཀྱིས་བརྩམས།

ཕེབས། 👉 Qiu1980
2024-09-29



ལེའུ་བཞི་པ།  

རྒྱུ་འབྲས་ལ་བླང་དོར་ཤེས་པའི་མི་ནི་བསོད་ནམས་ཆེ།





༥ འཚེ་སེམས་ནི་དམྱལ་བའི་ཕོ་ཉ་ཡིན།


འཚེ་སེམས་ནི་དམྱལ་བའི་ཕོ་ཉ་ཡིན་ཞེས་ཟེར། ཁྱོད་ཀྱིས་གཞན་ལ་འཚེ་བའི་བསམ་པ་སྐྱེ་སྐབས་ཤུགས་ནས་རང་ཉིད་དམྱལ་བར་དེད་པ་དང་མཚུངས། འཇིག་རྟེན་འདིའི་སྟེང་དུ་ཁྱོད་ཀྱིས་ཅི་ཞིག་ཕར་བཏང་ན་འབྲས་བུ་ཡང་དེ་མཚུངས་ཐོབ་ཅིང་། གཞན་ལ་ཅི་ཞིག་བསྒྲུབས་ཀྱང་ལེ་ལན་ཚང་མ་རང་ལ་འཁོར་སྲིད་པས་འདི་ནི་ལས་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན།

འདུས་པ་རིན་པོ་ཆེའི་མཛོད་ལས་འདི་སྐད་གསུངས།

སྔོན་བྲམ་ཟེ་ཞིག་གིས་གཞོན་ནུ་མ་ཞིག་ཆུང་མར་བླངས། ཆུང་མ་དེའི་ཞལ་རས་ཤིན་ཏུ་མཛེས་ཀྱང་གཤིས་ཀ་འཕྱོར་བ་ལ་དགའ་བས་སྤྱོད་པ་བསྲུངས་ནས་སྡོད་མི་ཚུགས། བྲམ་ཟེ་འཚོ་ཚིས་ཀྱི་དོན་དུ་ཐག་རིང་དུ་འགྲོ་དགོས་པས་ཆུང་མ་དེས་དེ་ལས་གླགས་རྙེད། ཡིན་ཡང་ཁྱིམ་དུ་ད་དུང་སྒྱུག་མོ་ཡོད་པས་དེས་མོའི་འཆལ་སྤྱོད་ལ་ཚོད་འཛིན་ཆེན་མོ་ཐེབས་པ་རེད། དེ་ནས་མོས་སྔ་དགོང་མེད་པར་ཇི་ལྟར་བྱས་ནས་རྒན་མོ་མ་རབས་འདི་མེད་པར་གཟོ་དགོས་སྙམ།

བསམ་བློ་བཏང་བཏང་མཐར་ཐབས་ངན་ཞིག་བློ་ལ་དྲན།

དེ་ནས་མོས་ཐོག་མར་སྒྱུག་མོའི་ཁ་བཤད་ཀུན་ལ་ཉན་པ་དང་ཉིན་རྟག་ཏུ་སྒྱུག་མོར་ཟ་མ་ཞིམ་པོ་དང་གྱོན་གོས་བཟང་པོ་བྱིན་ཞིང་ཚིག་འཇམ་ཚིག་སྙན་ཁོ་ན་བཤད་པས་སྒྱུག་མོ་ཡང་དགའ་བའི་མེ་ཏོག་ཁོང་ནས་དགོད་པ་རེད། ཁྱོ་བོས་དེ་དག་མཐོང་རྗེས་ཤིན་ཏུ་དགའ་སྟེ་ཁྱོད་ཀྱིས་བསྒྲུབས་པ་ལྟ་བུས་ལོ་ལོན་ལ་བདག་སྐྱོང་བྱེད་ཐུབ་ན་སྲི་ཞུ་ཅན་གྱི་མནའ་མ་བཟང་པོ་ཡིན་པར་འདུག་ཅེས་བཤད།

ཆུང་མ་ན་རེ། འདི་ཙམ་གྱིས་ག་ལ་ཆོག ངས་ད་ལྟ་སྒྱུག་མོར་བྱིན་པ་འདི་དག་མི་ཡུལ་གྱི་དངོས་པོ་ཁོ་ན་ཡིན། གལ་སྲིད་སྒྱུག་མོར་ལྷ་ཡུལ་གྱི་ལོངས་སྤྱོད་སྟེར་ཐུབ་ན་བུ་རྒྱུད་ཡིནཔའི་ང་ཚོའི་རེ་བ་ད་གདོད་རྫོགས་པ་རེད། སྒྱུག་མོས་ལྷ་ཡུལ་གྱི་འདོད་ཡོན་ལ་རྟག་ཏུ་ལོངས་སུ་སྤྱོད་ཐུབ་པའི་ཆེད་དུ་ལྷ་ཡུལ་དུ་སྐྱེལ་བའི་ཐབས་ཡོད་དམ་ཞེས་སྨྲས།

བྲམ་ཟེས་ཡུན་རིང་དུ་བསམ་བློ་བཏང་མཐར་ན་རེ། ཐབས་ཡོད། རང་རེའི་ཡུལ་སྲོལ་ལྟར་ན་རི་གཟར་ལས་མཆོང་བའམ་ཡང་ན་མེ་ཕུང་དུ་མཆོངས་ན་ལྷ་ཡུལ་དུ་སྐྱེ་ནུས། ལྷ་ཡུལ་དུ་སྐྱེས་ན་བདེ་བ་བསམ་གྱིས་མི་ཁྱབ་པ་ལ་ལོངས་སུ་སྤྱོད་ནུས་ཞེས་སྨྲས།

ཆུང་མས་འཕྲལ་དུ་སྒྱུག་མོ་ལྷ་ཡུལ་དུ་བསྐྱལ་ཏེ་ལྷའི་ལོངས་སྤྱོད་ལ་རོལ་བའི་ཐབས་ཡོད་ན། འཇིག་རྟེན་མི་ཡུལ་དུ་བསྡད་ནས་ཟ་མ་ངན་ངོན་ཅན་འདི་དག་བཟའ་འཇུག་པའི་དགོས་པ་མེད་ཅེས་སྨྲས།

བྲམ་ཟེས་བསམ་བློ་བཏང་བས་བདེན་སྙམ་ཏེ་ཐང་སྟོང་ཞིག་ཏུ་དོང་ཆེན་མོ་ཞིག་དྲུས་ཤིང་ནང་དུ་འབུད་ཤིང་མང་པོ་སྤུངས་ནས་མེ་བརྒྱབས། དེ་རྗེས་ཁོས་མ་རྒན་ཁྲིད་ཅིང་གཉེན་ཉེ་དགའ་བཟང་ཡོད་ཚད་བཀུག་ནས་གསོལ་སྟོན་བཤམས། ཀུན་གྱིས་བཟའ་བཏུང་ལ་རོལ་ཞིང་གླུ་ལེན་བློ་གར་འཁྲབ། མགྲོན་པོ་ཐམས་ཅད་སོང་རྗེས་ཁྱོ་ཤུག་གཉིས་པོས་མ་རྒན་དོང་ཁར་བསྡུས་ནས་ཤེད་ཀྱིས་ནང་དུ་འཕངས་ཏེ་ཕྱི་མིག་ཙམ་ཡང་མ་བྱས་པར་ཁྱིམ་དུ་སོང་།

བསམ་ཡུལ་ལས་འདས་པ་ཞིག་ནི་དོང་གི་དབུས་སུ་སའི་ཐེམ་སྐས་ཤིག་ཡོད་པས་མ་རྒན་དེའི་སྟེང་དུ་ལྷུང་ནས་མ་ཤི་བས། སྔོན་མནའ་མས་སྲི་ཞུ་སྒྲུབ་པ་དེ་ནི་མགོ་སྐོར་བའི་ཆེད་དུ་ཡིན་པ་གཟོད་ཤེས་ཤིང་མནའ་མའི་བསམ་པ་དེ་ལྟར་གནག་པ་ནི་བློ་ཡུལ་ལ་ཡང་མེད་པ་རེད། གསོན་པའི་རེ་བ་ཆེན་པོ་ལྡན་པས་རྒན་མོས་ནུས་ཤུགས་ཡོད་ཚད་བཏོན་ནས་འཛེགས་འཛེགས་པས་མཐར་ཕྱི་རུ་ཐོན།

དེ་ནས་རྒན་མོ་འཁྱར་མ་འཁྱོར་གྱིས་ཁྱིམ་གྱི་ཕྱོགས་སུ་སོང་། ནགས་ཚལ་ཞིག་ཏུ་ཕྱིན་ཞིང་སྨག་རུམ་གྱིས་ཡོངས་རྫོགས་བཏུམས་པས་རྒན་མོ་གཅན་གཟན་ལ་འཇིགས་ཏེ་སྲོག་བསྡོས་ཀྱིས་ལྗོན་ཤིང་གི་སྡོང་མགོར་འཛེགས་ཤིང་ནམ་ལངས་རྗེས་ལམ་དུ་བསྐྱོད་འཆར་བྱས།

ཡུན་རིང་མ་འགོར་བར་གསེར་དངུལ་སོགས་རིན་པོ་ཆེའི་རིགས་མང་པོ་ཁྱེར་བའི་ཇག་ཚོ་ཞིག་སླེབས་ནས་ལྗོན་ཤིང་དེའི་འོག་ཏུ་རྐུ་རྫས་བགོས། རྒན་མོས་དེ་དག་ཐོས་རྗེས་ཤིན་ཏུ་འཇིགས་པར་གྱུར་ཏེ་དབུགས་ཀྱང་འབྱིན་མ་ཕོད། སྐབས་ཤིག་གི་རྗེས་རྒན་མོའི་མིད་པར་ཟ་འཕྲུག་ལངས་པས་འགོག་མ་ཐུབ་པར་ལུ་བ་ཞིག་ལུ་ཤོར། ཇག་རྐུན་ཚོས་འདྲེ་ཡིན་པར་བསམས་ནས་རྐུ་རྫས་གང་སར་གཏོར་ཏེ་མྱུར་དུ་ཕྱོགས་ཕྱོགས་སུ་བྲོས། ནམ་ལངས་རྗེས་རྒན་མོས་བག་ཟོན་བྱས་ནས་ལྗོན་ཤིང་ལས་བབས་ཏེ་རྒྱུ་ནོར་དེ་དག་དྲུད་ནས་ཁྱིམ་དུ་ཐོན།

བྲམ་ཟེ་ཁྱོ་ཤུག་དེས་མ་རྒན་ཕྱིར་སླེབས་པ་མཐོང་འཕྲལ་ཧད་དེ་ལུས་ཤིང་འདྲེ་རུ་གྱུར་ནས་སྲོག་ལན་སྙོག་ཏུ་ཡོང་བར་སྙམ། མ་རྒན་གྱིས་ཁྱོད་ཅག་འཇིགས་མི་དགོས། ང་རང་ཤི་རྗེས་ལྷ་ཡུལ་དུ་སྐྱེས་ནས་སླར་ལྷ་ཡུལ་ནས་ལྡོག རྒྱུ་ནོར་འདི་དག་ནི་ཅི་ཞེ་ན། ང་རང་ལོ་ན་རྒས་པས་ཤེད་ཤུགས་ཟད་པས་འདི་ཙམ་ཞིག་ལས་འཁྱེར་མ་ནུས་ཞེས་སོགས་བཤད།

མནའ་མས་ཐོས་རྗེས་བདེན་པར་བཟུང་ནས་ཤིན་ཏུ་དགའ་སྟེ་ཁྱོ་བོ་ལ་རང་ཉིད་ཀྱང་ལྷ་ཡུལ་དུ་དེ་མ་ཐག་སྐྱེལ་དགོས་པའི་བདའ་འདེད་བྱས། ཁྱོ་བོས་སྔར་གྱི་དོང་ཆེན་མོ་དེར་འབུད་ཤིང་སྤུངས་ནས་སླར་ཡང་མེ་ཆེན་པོ་བརྒྱབས་ཏེ་ཆུང་མ་ནང་དུ་འཕངས། ཡིན་ཡང་བསམ་པ་གནག་པའི་བུད་མེད་དེར་ལམ་འགྲོ་མ་བརྒྱུགས་ཏེ་སའི་ཐེམ་སྐས་དེར་མ་ལྷུང་བར་ཐད་ཀར་འུར་འུར་དུ་འབར་བའི་མེའི་ནང་དུ་ལྷུང་མ་ཐག་མེ་ཡིས་ཚིག་སྟེ་ཤི་བ་རེད།

འཚེ་སེམས་ནི་དམྱལ་བའི་ཕོ་ཉ་ཡིན་ཞེས་ཟེར། ཁྱོད་ཀྱིས་གཞན་ལ་འཚེ་བའི་བསམ་པ་སྐྱེ་སྐབས་ཤུགས་ནས་རང་ཉིད་དམྱལ་བར་དེད་པ་དང་མཚུངས། འཇིག་རྟེན་འདིའི་སྟེང་དུ་ཁྱོད་ཀྱིས་ཅི་ཞིག་ཕར་བཏང་ན་འབྲས་བུ་ཡང་དེ་མཚུངས་ཐོབ། གཞན་ལ་ཅི་ཞིག་བསྒྲུབས་ཀྱང་ལེ་ལན་ཚང་མ་རང་ལ་འཁོར་སྲིད་པས་འདི་ནི་ལས་རྒྱུ་འབྲས་ཀྱི་ཆོས་ཉིད་ཡིན།




ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存