查看原文
其他

དྲིན་ལན་ལོག་འཇལ་བྱེད་མཁན་ལ་ལྷ་ཡིས་ཀྱང་ཁྲེལ་བ་རེད།

ཕེབས། 👉 Qiu1980
2024-09-29




ལེའུ་བརྒྱད་པ།

ལྟ་ཚུལ་གྱིས་འཇིག་རྟེན་དུ་འཚོ་ཚུལ་ལ་འགྱུར་བ་གཏོང་ནུས།





༥ དྲིན་ལན་ལོག་འཇལ་བྱེད་མཁན་ལ་ལྷ་ཡིས་ཀྱང་ཁྲེལ་བ་རེད།

དྲིན་ལན་ལོག་འཇལ་བྱེད་པའི་ཐ་ཤལ་བས་གཞན་གྱི་མཐའ་མེད་པའི་བཀའ་དྲིན་མི་འཁོར་བར་མ་ཟད་ལྡོག་སྟེ་སྣ་གཉེར་གྱིས་སྨ་འབེབས་ཁོ་ན་བྱེད། འདི་འདྲའི་མི་དག་ལ་ཆོས་སྐྱོང་དང་ལྷ་རྣམས་ཀྱིས་ཀྱང་ཁྲེལ་ནས་རིང་དུ་འདོར་བས་མཐར་སུ་གཅིག་གིས་སྐྱོང་མི་འདོད་པར་འགྱུར་བ་རེད།

མི་ལ་ལ་དག་གིས་བྱ་བ་སྒྲུབ་སྐབས་ལེགས་འགྲུབ་འབྱུང་སླ་ཞིང་འགའ་ཞིག་ལ་ནི་མི་མཐུན་པ་གཅིག་རྗེས་གཉིས་མཐུད་ཀྱིས་ལྡང་བས་འདི་དག་ཅིའི་ཕྱིར་ཡིན་ཞེ་ན། གང་ཟག་སོ་སོའི་བསོད་ནམས་ཀྱི་རྐྱེན་གྱིས་འབྲས་བུ་མི་མཐུན་པ་འབྱུང་ནུས་པ་མ་ཟད་གལ་འགག་ཆེ་བའི་ཆོས་སྐྱོང་དང་ལྷ་ཡི་མགོན་སྐྱོབ་ཡོད་མེད་ལ་ཡང་རག་ལས། ཡིན་ཡང་དཀར་ཕྱོགས་སྐྱོང་བ་རྣམས་ཀྱི་མགོན་སྐྱོབ་དཔུང་གཉེན་འདོད་ན་ཐོག་མར་རང་ལ་ཕུན་སུམ་ཚོགས་པའི་མི་གཞི་ཡོད་དགོས་པ་དང་ཁྱད་པར་དུ་བྱས་པ་དྲན་ཞིང་དྲིན་གཟོ་བྱེད་ཤེས་དགོས། 

མི་ཕམ་རིན་པོ་ཆེས་རྒྱལ་པོ་ལུགས་ཀྱི་བསྟན་བཅོས་ལས། 

བྱས་པ་ཤེས་ཤིང་དྲིན་གཟོ་བའི། །

མི་ལ་དཔལ་མགོན་ཉེ་བར་གནས། །ཞེས་གསུངས།

གལ་སྲིད་མི་ཞིག་གིས་བྱས་པ་མི་དྲན་ཞིང་དྲིན་གཟོ་མི་བྱེད་པ་མ་ཟད་ད་དུང་ལས་རྒྱུ་འབྲས་ལ་སྣང་མེད་བྱས་ནས་རང་གི་དྲིན་ཅན་ལ་གནོད་འཚེ་འབའ་ཞིག་བསྒྲུབས་པ་སྟེ།

དཔེར་ན་ལ་ལ་ཞིག་གིས་ཕ་མ་ལ་སྲི་ཞུ་མི་སྒྲུབ་པ་མ་ཟད་ལྡོག་སྟེ་གང་འདོད་ཅི་ནུས་ཀྱིས་མནར་གཅོད་གཏོང་བ་དང་། སྦྱིན་བདག་ལ་ལས་མི་ཞིག་ལག་གཅིག་གིས་གསོ་སྐྱོང་བྱས་ཀྱང་མི་དེས་ནི་སྦྱིན་བདག་གི་རྒྱུ་རྫས་ཡོངས་རྫོགས་ཁྱུར་མིད་བྱེད་པ་ལ་སོགས་པའི་སྦྱོར་བ་འདི་དག་ལ་དཀར་ཕྱོགས་ཆོས་སྐྱོང་བའི་ལྷ་རྣམས་ཐུགས་མི་དགྱེས་ཤིང་བརྩེ་བས་སྐྱོང་མི་འདོད་པས་མི་དེའི་བྱ་བ་ཡོད་དོ་ཅོག་ལ་བཀྲ་མི་ཤིས་པ་ཆིག་རྐྱང་འབྱུང་ངོ་། །

སྔོན་ཚོང་བདག་ཅིག་ལ་བུ་མོ་གཅིག་ཁོ་ན་ཡོད་ཅིང་བརྒྱད་གཉིས་ལང་ཚོ་ཤིན་ཏུ་མཛེས་ཤིང་ཞལ་རས་ཀྱི་དཀྱིལ་འཁོར་ཆེས་ཆེར་ཡིད་དུ་འོང་། གཞོན་ནུ་མ་དེ་ཉིད་རྒྱལ་པོའི་ཕོ་བྲང་ལྟ་བུའི་ཁང་བཟང་དུ་སྡོད་ཅིང་ཉིན་མཚན་ཀུན་ཏུ་བྲན་འཁོར་མང་པོས་ཞབས་ཏོག་གང་བཟང་སྒྲུབ་པ་རེད།

ཉིན་ཞིག་ལོ་ན་གཞོན་པའི་ཇག་པ་ཞིག་འཛིན་བཟུང་ཐེབས་པས་རྐང་ལག་བཞི་བོ་སྒྲོག་གིས་བཅིངས་ནས་ཁྲིམས་རར་དེད། སྐབས་དེར་ཚོང་བདག་གི་བུ་མོས་ཐོག་ཁང་ལས་བལྟས་པས་དེ་མཐོང་ཞིང་སེམས་ལ་སོང་ནས་འཕྲལ་དུ་ཕ་དང་མ་ལ་གལ་སྲིད་བདག་བཙོན་པ་དེ་ལ་བག་མར་མ་བྱིན་ན་ཐོག་ཁང་ལས་མཆོངས་ནས་རང་སྲོག་འདོར་བར་བྱེད་དོ་ཞེས་སྨྲས། བུ་མོ་ལ་སྲོག་ལྟར་གཅེས་པའི་ཕ་གཏི་ཐུག་པར་གྱུར་ནས་ཀརྴ་པ་ཎི་སྟོང་ཕྲག་གཉིས་ཁྲིམས་འཛིན་དང་ཤན་པ་ལ་བརྔན་བྱིན་ནས་བཙོན་པ་གཞོན་ནུ་བླངས་པ་རེད།

བུ་མོ་རང་གི་འདོད་པ་ལྟར་བཙོན་པ་ལ་ཡང་བག་མར་བྱིན། ཁྱོ་བོའི་སེམས་པ་མགུ་ཆེད་ཉིན་བཞིན་རིན་ཐང་གཞལ་དུ་མེད་པའི་རིན་པོ་ཆེའི་རྒྱན་ཆ་ལུས་ལ་འདོགས་པ་མ་ཟད་དངོས་སུ་ཟ་མ་གཡོ་སྦྱོར་ལ་ཡང་བརྩོན་པ་རེད།

ཉིན་འགའ་ཞིག་གི་རྗེས་བཙོན་པ་གཞོན་ནུའི་བསམ་པ་ལ་ནམ་ཞིག་ལ་མི་ཤེས་པའི་བུད་མེད་འདི་བསད་ནས་མོའི་རྒྱུ་ནོར་ཐམས་ཅད་བླངས་ནས་རང་གར་ལོངས་སུ་སྤྱོད་ནུས་སྙམ།

དེ་ནས་ཁོས་ཟས་གཅོད་བྱས།

བུ་མོས་རྒྱུ་མཚན་དྲིས་པས་ཁོ་ན་རེ། བདག་གི་འདོད་པ་རེ་ཞིག་མ་རྫོགས་ཏེ་བདག་ཁྲིམས་རལ་འདེད་སྐབས་གལ་སྲིད་འདི་ལས་སྲོག་ཐར་ན་མཐོན་པོའི་རི་ལ་གནས་པའི་ལྷ་ཞིག་ལ་མཆོད་པ་ཆེན་པོ་སྟོབ་པའི་སྨོན་ལམ་སྐོག་ཏུ་བྱས་ཤིང་། ད་ལྟ་བདག་ལ་ཁྱོད་ལྟ་བུ་མཛེས་སྡུག་ལྡན་པའི་ཆུང་མ་བདག་གིར་དབང་བ་ཡང་ལྷ་ཡི་བཀའ་དྲིན་གྱིས་བསྐྱལ་བས་ཁས་ལེན་བཞིན་མཆོད་པ་སྟོབ་སྙམ་བཞིན་ཡོད།

བུ་མོས་ཐོས་རྗེས་དགའ་བཞིན་སྤྲོ་བཞིན་དུ་ཁྱོ་བོ་ལ་ཡོད་ཚད་བཀོད་སྒྲིག་བྱས་པ་དང་རང་ཉིད་ཀྱི་རིན་ཐང་ཆེ་བའི་རྒྱན་ཆ་ཐམས་ཅད་ལུས་ལ་བཏགས་ནས་ཁྱོ་བོ་དང་ལྷན་ཅིག་སོང་།

རིའི་རྩེ་མོར་སླེབས་སྐབས་བཙོན་པས་གདོང་མདོག་བརྗེས་ནས་ང་ལ་མཆོད་པ་སྟོབ་དགོས་རྒྱུ་ཞིག་གང་ཡང་མེད་ཅིང་འདི་རུ་ཡོང་བ་ནི་ཁྱོད་བསད་དེ་རྒྱུ་ནོར་ཐམས་ཅད་བདག་ལ་དབང་བའི་ཆེད་དུ་ཡིན་ཞེས་ཁྲོ་རྔམ་གྱིས་སྨྲས། བུ་མོས་སྐྱོ་བའི་ངུ་ངག་གིས་ལན་གཅིག་ཚེ་ཐར་གཏོང་བའི་རེ་བ་ནན་ཆེར་ཞུས་ནས་ལུས་སྟེང་གི་རྒྱན་ཆ་ཐམས་ཅད་བྱིན་པའི་ཁས་ལེན་བགྱིས་ཀྱང་བཙོན་པའི་ཡིད་མ་འགུལ།

ཉེན་ཁའི་གདོང་དེར་བུ་མོའི་སེམས་སུ་གནའ་མིའི་བཤད་རྒྱུན་དུ་ཤེས་རབ་འཚེད་ཆོག་པ་མ་ཟད་བཟའ་ཡང་ཆོག་པར་བཤད་པས་ཐབས་དམ་པ་ཞིག་བཙལ་ནས་གདོང་ལེན་བྱེད་དགོས་སྙམ།

དེ་ནས་བུ་མོ་ན་རེ། དང་ཐོག་ངའི་ཨ་ཕས་ཀརྴ་པ་ཎི་སྟོང་ཕྲག་གཉིས་བཏང་ནས་ཁྱོད་ཀྱི་སྲོག་སྐྱོབ་ཏུ་འཇུག་པས་ཁྱོད་ལ་ཡང་ང་དྲིན་ཆེ་སྟེ། ང་རང་འཆི་ལ་ཉེ་བའི་དུས་འདིར་ཁྱོད་ལ་ཕྱག་བྱེད་པའི་གོ་སྐབས་ཤིག་བྱིན་མཛོད།

སྨྲས་པ། ཕྱག་བྱེད་པ་ཆོག

བུ་མོས་ཁྱོ་བོ་ལ་ཕྱག་བྱས་ཤིང་བསྐོར་བ་ལན་གསུམ་དུ་བྱས་རྗེས་ཕྱོགས་བཞི་ལ་ཕྱག་བྱས། དེ་ནས་སླར་ཡང་དེང་ནས་ཁྱོད་ཀྱིས་ང་མི་མཐོང་ལ་ངས་ཀྱང་ཁྱོད་མཐོང་བར་མི་འགྱུར་རོ་ཞེས་སྨྲས་ཏེ་དམ་དུ་འཁྱུད། བཙོན་པ་དེས་ཡིད་གཟབ་མ་བྱས་པའི་གླགས་བཙལ་ནས་བུ་མོས་གློ་བུར་དུ་ལུས་ཤུགས་ཡོད་རྒྱུ་བཏོན་ནས་གཡང་དུ་འཕངས་པ་རེད།

དེའི་ཕྱིར་མི་ཞིག་གིས་དྲིན་ལན་ལོག་འཇལ་བྱས་ན་འབྲས་བུ་ཡིད་དུ་མི་འོང་བ་ཡོང་ངེས་ཅན་ཡིན། ཡིན་ཡང་ལ་ལས་ནང་པའི་ཆོས་ཀྱི་དགོངས་དོན་སྤྲོས་བྲལ་སྟོང་པ་ཉིད་མ་ཡིན་ནམ། མཐོ་དམའ་དྲག་ཞན་སོགས་ཐམས་ཅད་མཉམ་པ་ཉིད་དུ་རོ་གཅིག་པས་ཅིའི་ཕྱིར་ད་དུང་བཟང་ངན་གྱི་དབྱེ་བ་འབྱེད། ཅིའི་ཕྱིར་བཟེ་རེ་འདི་ལྟར་ཆེ་ཞིང་ལེགས་ཉེས་ཀྱི་བླང་དོར་གསལ་ཐག་ཆོད་པ་འདི་ལྟ་བུ་ཞིག་བྱེད་ཅེས་འདྲི་སྲིད།

འདི་འདྲའི་བསམ་ཚུལ་ཡོད་པ་ནི་ནང་པའི་ཆོས་ཀྱི་དེ་ཉིད་མ་རྟོགས་པའི་རང་རྒྱུས་བསྟན་པ་ཙམ་དུ་ཟད། དོན་དུ་ནང་པའི་ཆོས་ལ་སློབ་པ་ནི་བརྩེ་བ་གང་ཡང་མེད་པའི་རྡོ་ལྟ་བུ་ཞིག་ཏུ་གྱུར་ནས་ལེགས་ཉེས་ཀྱི་བླང་དོར་འབྱེད་པའི་ཤེས་རབ་ཙམ་ཡང་མེད་པ་ཞིག་ཏུ་འགྱུར་བའི་ཆེད་དུ་མ་ཡིན། ཆོས་ཐམས་ཅད་ལ་དོན་དམ་དང་ཀུན་རྫོབ་ཀྱི་ཁྱད་པར་ལྡན་ཞིང་དེའི་ནང་ནས་ཀུན་རྫོབ་ལ་ཡང་བཟང་ངན་གྱི་དབྱེ་བ་ཡོད། ཞེ་སྡང་གི་སེམས་ཀྱིས་ཤ་འཁོན་རྩོད་པ་འདི་

སེམས་ཅན་ཐེག་པ་ཆེན་པོའི་ཆོས་དང་འགལ་རུང་ལེགས་ཉེས་ཀྱི་བླང་དོར་ཤེས་ཤིང་བཟང་ངན་གྱི་དབྱེ་བ་འཁྲོལ་བ་ནི་མི་ཞིག་བྱེད་པའི་གཞི་རྩའི་རྩ་དོན་ཡིན།

མི་ཇི་ལྟ་བུ་ཞིག་ཡིན་རུང་རང་ཉིད་ལ་ཕན་གྱིས་བསྐྱངས་ན་རང་རེས་ཐབས་བརྒྱ་ཇུས་སྟོང་གིས་དྲིན་ལན་ཅིས་ཀྱང་འཇལ་དགོས་པ་འདི་ཡིད་ལ་འཇོག་དགོས། གལ་སྲིད་གནས་སྐབས་སུ་དྲིན་ལན་འཇལ་མི་ཐུབ་རུང་ནང་སེམས་ཀྱི་བཀའ་དྲིན་མཚོན་བྱེད་ཀྱི་གཏམ་ཡིན་ཡང་ལྷུག་པོར་བརྗོད་དགོས་སོ། །

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存