ལོ་ལོན་པའི་མི་ལ་བརྙས་བཅོས་གཏན་ནས་བྱེད་མི་རུང་།
ལེའུ་དྲུག་པ།
ཕ་མ་ལ་སྲི་ཞུ་སྒྲུབ་པའི་ཤེས་རབ།
རྒྱུ་ནོར་ཆེས་རྩ་ཆེན་དེ་ཅི་ཞིག་ཡིན། བདེ་བ་ཆེས་ཆེ་བ་དེ་ཅི་ཞིག་ཡིན། བྲོ་བ་ཆེས་མཆོག་ཏུ་གྱུར་པ་དེ་ཅི་ཞིག་ཡིན། ཚེ་ཐག་ཆེས་རིང་བ་དེ་ཅི་ཞིག་ཡིན།
ཡིད་རྟོན་ཕེར་བ་ནི་རྒྱུ་ནོར་ཆེས་རྩ་ཆེན་ཡིན། ཆོས་ཡང་དག་པ་ཉམས་སུ་ལེན་ནུས་པ་ནི་བདེ་བ་ཆེས་ཆེ་བ་ཡིན། བདེན་པའི་ཚིག་ནི་བྲོ་བ་ཆེས་མཆོག་ཏུ་གྱུར་པ་ཡིན། ཆོས་སྐུའི་ཤེས་རབ་ཀྱི་ཚེ་སྲོག་ནི་ཚེ་ཐག་ཆེས་རིང་བ་ཡིན།
འདུས་པ་རིན་པོ་ཆེའི་མཛོད་ལས་གཏམ་རྒྱུད་འདི་སྐད་ཅིག་གསུངས་ཡོད།
སྔོན་འདས་པའི་དུས་ན་རྒྱ་གར་ཕོ་ལོ་ནའི་རྒྱལ་ཁམས་སུ་ཡུལ་སྲོལ་མ་རུངས་པ་ཞིག་དར། ཁོ་ཚོས་འབྲུ་རིགས་གྲོན་ཆུང་བྱས་ནས་བུ་རྒྱུད་གསོ་ཆེད་ཕ་མ་ལོ་ན་མཐོན་པོར་ཕྱིན་རྗེས་གསོན་པོར་དོང་དུ་སྦ་བ་རེད། ལོ་ཟླའི་འཁོར་འགྲོས་ཡུན་དུ་བགྲོད་པས་དེ་ཡང་རིམ་གྱིས་རྒྱལ་ཁབ་དེའི་ཁྲིམས་ཤིག་ཏུ་གྱུར།
རྒྱལ་ཁབ་དེའི་བློན་ཆེན་ཞིག་ཕ་མ་ལ་སྲི་ཞུར་བརྩོན་པའི་མི་ཞིག་ཡིན་པས་ཁྲིམས་དེ་ལ་ཤིན་ཏུ་ཡི་མ་རང་ཞིང་ཉིན་ཞིག་ལ་ཁྲིམས་དེ་ཡང་དག་པར་འཆོས་ནུས་པའི་རེ་བ་ཆེན་པོ་བཅངས། ཕྱིས་སུ་བློན་ཆེན་དེའི་ཡབ་ལོ་ན་མཐོན་པོར་ཕྱིན་པས་ཁོས་ལྐོག་ཏུ་ས་འོག་ཏུ་གསང་བའི་ཁང་པ་ཞིག་བཟོས་ནས་ཡབ་དེ་རུ་སྦས་ཤིང་བཟའ་བ་ཕུན་སུམ་ཚོགས་པས་རྟག་ཏུ་མཆོད།
ཁོའི་བསམ་པ་རྣམ་པར་དག་པ་དེས་ཡུལ་སྐྱོང་བའི་ལྟ་ཞིག་ཡིད་འགུལ་ཐེབས་ནས་རམ་འདེགས་སྦྲན།
ཉིན་ཞིག་ཡུལ་སྐྱོང་དེས་ཤོག་བུ་བམ་གཅིག་ཁུར་ནས་པོ་ལོ་ནའི་རྒྱལ་པོའི་མདུན་དུ་སླེབས་ནས་ན་རེ། ཤོག་བུ་འདིའི་སྟེང་དུ་དྲི་བ་བཞི་ཡོད། གལ་སྲིད་ཉིན་བདུན་ཚུན་ཆད་ལན་གྱིས་དོན་འཁྲོལ་ནུས་ན་ཁྱོད་དང་ཁྱོད་ཀྱི་རྒྱལ་ཁབ་བདག་གིས་སྲུང་བར་དམ་བཅའ་བྱེད།
གལ་སྲིད་ལན་གྱིས་འཁྲོལ་མ་ནུས་ན་བདག་གིས་ཁྱོད་ཀྱི་མགོ་བོ་ཚལ་པ་བདུན་དུ་གཏོང་ངོ་ཞེས་ཟེར་ཏེ་ནམ་མཁར་ཡལ།
རྒྱལ་པོས་མྱུར་དུ་བློན་པོ་ཐམས་ཅད་བཀུག་ནས་འདུན་མ་བསྡུས། ཡིན་ཡང་ཀུན་གྱིས་ཤོག་བུའི་སྟེང་གི་དྲི་བ་བཞི་ལ་མིག་ཅེར་ནས་འདུག་པ་ལས་བསམ་བློ་གཏིང་སྤུག་བྱས་ཀྱང་ཐབས་གང་ཡང་མ་རྙེད། གཏན་ཁེལ་བྱས་ཟིན་པའི་ཉིན་མོ་ལ་ཇེ་ཉེར་སོང་བཞིན་རྒྱལ་པོ་ནི་ཚ་སླང་སྟེང་གི་གྲོག་མ་ལྟ་བུར་གྱུར་ནས་དྲི་བ་དེ་མངའ་ཁོངས་ཀྱི་འབངས་མི་ཀུན་ལ་གསལ་བོར་བསྟན་ནས་སུ་ཞིག་གིས་དྲིས་ལན་རྙེད་ན་གཟེངས་བསྟོད་བླ་ན་མེད་པ་བསྐྱལ་ཏེ་དགོས་འདོད་ཅི་ཞིག་ཡོད་རུང་རྒྱལ་པོས་སྐོང་བར་དམ་བཅས།
ཡང་སྙིང་ཡུལ་སྐྱོང་དེས་རྒྱལ་པོ་ལ་དྲི་བ་ཅི་ཞིག་བཏོན་ཡོད་ཅེ་ན། དེ་ནི་རྒྱུ་ནོར་ཆེས་རྩ་ཆེན་དེ་ཅི་ཞིག་ཡིན། བདེ་བ་ཆེས་ཆེ་བ་དེ་ཅི་ཞིག་ཡིན། བྲོ་བ་ཆེས་མཆོག་ཏུ་གྱུར་པ་དེ་ཅི་ཞིག་ཡིན། ཚེ་ཐག་ཆེས་རིང་བ་དེ་ཅི་ཞིག་ཡིན། ཞེས་སོ། །
བློན་ཆེན་དེས་དྲི་བ་འདི་བཞི་པོ་མཐོང་འཕྲལ་དུ་ཁྱིམ་ལ་དེངས་ནས་གསང་བའི་ཁང་པར་སྡོད་པའི་ཡབ་ཆེན་ལ་དྲིས་པས། ཡབ་ཆེན་གྱིས་དྲི་བ་རེ་རེ་ལ་ལན་ཕུན་སུམ་ཚོགས་པ་རེ་བརྒྱབས། དེ་ཡང་ཡིད་རྟོན་ཕེར་བ་ནི་རྒྱུ་ནོར་ཆེས་རྩ་ཆེན་ཡིན། ཆོས་ཡང་དག་པ་ཉམས་སུ་ལེན་ནུས་པ་ནི་བདེ་བ་ཆེས་ཆེ་བ་ཡིན། བདེན་པའི་ཚིག་ནི་བྲོ་བ་ཆེས་མཆོག་ཏུ་གྱུར་པ་ཡིན།ཆོས་སྐུའི་ཤེས་རབ་ཀྱི་ཚེ་སྲོག་ནི་ཚེ་ཐག་ཆེས་རིང་བ་ཡིན། ཞེས་སོ། །
བློན་ཆེན་དེས་དྲིས་ལན་རྒྱལ་པོར་ཕུལ་བས་རྒྱལ་པོ་ལྷོད་དེ་བས་ཡུལ་སྐྱོང་གི་ཚོད་བགམ་ལས་ཐར། རྒྱལ་པོ་ཤིན་ཏུ་དགའ་བར་གྱུར་ནས་དྲིས་ལན་འདི་དག་ཁྱོད་ཀྱིས་བྱས་སམ་གཞན་གྱིས་བསླབས་ཞེས་བློན་ཆེན་དེ་ལ་དྲིས།
བློན་ཆེན་དེས་སྦ་གསང་མེད་པར་རྒྱལ་པོ་ལགས་བཟོད་པར་གསོལ། ངས་རྒྱལ་ཁྲིམས་ལ་འགལ་བ་བྱས་ནས་ངའི་ཡབ་ཆེན་ཁྱིམ་དུ་སྦས་པ་ཡིན་པས་དེས་དྲི་བ་བཞི་པོ་དེ་ལ་ལན་བསྐྱལ་བ་རེད་ཅེས་ཞུས། དེ་ནས་མུ་མཐུད་དུ་ན་རེ། འདི་ལྟར་ཁྱེད་ལ་ཁྱེད་ཀྱིས་འདོད་པའི་དྲིས་ལན་ལག་ཏུ་ཐོབ་ཟིན། ང་ལ་རེ་འདོད་གཞན་མེད་དེ་རྒྱལ་པོ་མཆོག་གིས་ལོ་ན་མཐོན་པོར་ཕྱིན་པའི་ཕ་མ་གསོན་དུ་སྦ་བའི་ཁྲིམས་འདི་རྩིས་མེད་གཏོང་བའི་རེ་བ་གཅིག་ཁོ་ན་ཡོད་ཅེས་གསོལ།
རྒྱལ་པོས་ཐོས་རྗེས་ཡིད་འགུལ་ཟབ་མོ་ཐེབས་ནས་ཁྲིམས་སྲོལ་དེ་རྩིས་མེད་བཏང་བ་མ་ཟད་ད་དུང་ཕ་མ་ལ་ཞབས་ཏོག་མི་སྒྲུབ་པའི་མི་ཡོད་དོ་ཅོག་ལ་ཁྲིམས་ཆད་ནན་མོ་གཅོད་རྒྱུ་ཡིན་ཞེས་པའི་དོན་ཚན་གཞན་ཞིག་བསྣན་ཏོ། །
དེའི་ཕྱིར་མི་རྒས་རྗེས་ཁོ་ཚོ་གླེན་ལྐུགས་སུ་གྱུར་ཟིན་པས་བྱ་བ་གང་ཡིན་རུང་དེ་དག་དང་གྲོས་བྱ་རྒྱུ་མེད་ཅེས་པའི་ལྟ་བ་དེ་འཛིན་མི་རུང་། རྒན་པ་ལོ་ལོན་དག་ལ་མི་ཚེའི་ཉམས་སྐྱོང་ཕུན་སུམ་ཚོགས་པོ་ཡོད་ཅིང་བསམ་བློ་ཡང་ན་སྨིན་ཟིན་པ་དང་རྒན་པོ་འགའ་ཞིག་ལ་ཆོས་ཀྱི་ཉམས་མྱོང་ཡང་ལྡན་པས་ང་ཚོས་མཐོང་ཆུང་རྩ་བ་ནས་བྱེད་མི་རུང་། བོད་ལ་འཇིག་རྟེན་རྒན་པོ་ནི་རིན་པོ་ཆེ་ཡིན་པས་ས་ཆ་གང་ལ་རྒན་པོ་མང་པོ་ཡོད་ན་ས་ཆ་དེར་བསོད་ནམས་ལྡན་པའི་རྟགས་རེད་ཅེས་པའི་ཁ་དཔེ་ཞིག་ཡོད།