查看原文
其他

གཞན་ལ་ཐེར་འདོན་བྱེད་པའི་སྔོན་དུ་རང་ལ་ཐེར་འདོན་བྱེད་དགོས།

ཕེབས། 👉 Qiu1980
2024-09-29




ལེའུ་བརྒྱད་པ།

ལྟ་ཚུལ་གྱིས་འཇིག་རྟེན་དུ་འཚོ་ཚུལ་ལ་འགྱུར་བ་གཏོང་ནུས།





༦ གཞན་ལ་ཐེར་འདོན་བྱེད་པའི་སྔོན་དུ་རང་ལ་ཐེར་འདོན་བྱེད་དགོས།

སངས་རྒྱས་ཀྱིས་སེམས་ཅན་ཐམས་ཅད་སངས་རྒྱས་སུ་གཟིགས་ལ་བདུད་སྡིག་ཅན་གྱིས་སེམས་ཅན་ཐམས་ཅད་བདུད་སྡིག་ཅན་དུ་མཐོང་།རང་རེའི་སེམས་འདི་ཇི་ལྟ་བུ་ཞིག་ཡིན་ན་གྱི་རོལ་ཡུལ་སྟེང་དུ་མངོན་པའི་རྣམ་པ་ཡང་དེ་ལྟ་བུ་ཞིག་ཡིན།

གཞན་གྱི་མི་ལེགས་པའི་སྐྱོན་ཆ་མཐོང་བ་ནི་དོན་དུ་རང་ཉིད་ཀྱི་སེམས་མ་དག་པའི་རྐྱེན་གྱིས་རེད། དེ་ནི་དྲི་མས་ནག་སྒོང་དུ་བསྒོས་པའི་མེ་ལོང་དང་མཚུངས་ཏེ་དེའི་སྟེང་གི་མི་གཙང་བའི་རི་མོ་དག་གིས་ནང་དུ་ཤར་བའི་གཟུགས་བརྙན་ཡང་མི་ལེགས་པར་མཐོང་། དེ་མཚུངས་རང་རེའི་སེམས་ཀྱི་མེ་ལོང་ངོས་སུ་གལ་སྲིད་བག་ཆགས་ངན་པའི་བསླད་ཀྱིས་གོས་པར་གྱུར་ན་མི་སུ་ཞིག་མཐོང་རུང་སྐྱོན་ཆ་ཤིན་ཏུ་མང་པོ་ཡོད་པར་བརྟགས་ཤིང་ཇི་ལྟར་བལྟས་རུང་ཡིད་དུ་མི་འོང་བ་ཤ་སྟག་ཏུ་མཐོང་སྲིད།

མི་ཞིག་གི་སེམས་མ་དག་ན་བྱ་བ་ཅི་ཞིག་ཡིན་རུང་ཡིད་གཉིས་སུ་གྱུར་ནས་ཉེ་འཁོར་གྱི་མི་ཀུན་གྱིས་རང་ལ་བརྙས་བཅོས་བྱེད་པར་མཐོང་ཞིང་ཐ་ན་གཞན་གྱིས་མིག་གིས་བལྟས་ཀྱང་དེས་རང་ལ་སྨ་འབེབས་པར་སྙམ་ནས་མིག་མདངས་ལ་གནད་དོན་ཆེན་པོ་ཡོད་པར་རྟོག་པ་རེད། མི་དེས་མཐོང་བའི་ཕྱི་རོལ་གྱི་ཡུལ་ཐམས་ཅད་མ་དག་པ་ཁོ་ན་སྟེ་འཕགས་པའི་ཡོན་ཏན་ཡིན་ཡང་སྣ་གཅིག་ཀྱང་མི་མཐོང་།

དེ་ལས་ལྡོག་སྟེ་གལ་སྲིད་སེམས་དག་ན་མི་ཐམས་ཅད་བྱང་ཆུབ་སེམས་དཔའ་ཤ་སྟག་ཏུ་སྣང་ཞིང་། སུ་ཞིག་གིས་རྒྱུ་མཚན་མེད་པར་ཨར་ལ་གཏད་ཀྱང་བྱང་ཆུབ་སེམས་དཔའ་ཆེན་པོས་ཐབས་མཁས་ལ་བརྟེན་ནས་རང་ཉིད་ཀྱི་ལས་སྒྲིབ་བསལ་བའི་ཆེད་དུ་ཡིན་པར་མཐོང་ནས་བློ་བདེ་བག་ཕེབ་ཀྱིས་ཡོད་ཚད་དང་དུ་ལེན་ཞིང་། ཤིན་ཏུ་གླེན་ལྐུགས་སུ་གྱུར་པའི་མི་ཞིག་མཐོང་ཡང་གྲུབ་པ་ཆེན་པོའི་སར་གཤེགས་པའི་དམ་པ་རྣམས་ཀྱིས་གདུལ་བྱའི་དོན་དུ་ཆེད་གཉེར་གྱིས་ཚུལ་མཛད་པར་སེམས་པ་རེད།

དཔེ་སྣ་ཚོགས་སྟོན་པ་གསར་མ་ལས་འདི་སྐད་ཅིག་གསུངས་ཡོད།

སྔོན་རྒྱ་གར་འཕགས་པའི་ཡུལ་དུ་དགེ་འདུན་པ་བརྒྱ་ཕྲག་ལྷག་བཞུགས་པའི་དགོན་པ་ཞིག་ཡོད། དགོན་པ་དང་ཐག་མི་རིང་བའི་སར་འཕགས་པའི་ལམ་ལ་འདུན་མོས་ཤུགས་ཆེན་ལྡན་པའི་བུད་མེད་ཅིག་ཡོད་པ་དེས་ཉིན་བཞིན་དགེ་འདུན་པ་གཅིག་ལ་མཆོད་པས་བསྙེན་བཀུར་བྱེད་ཅིང་ཟིན་པ་ན་དེའི་མདུན་ནས་གུས་པས་ཆོས་མཉན་པ་རེད།

ཉིན་ཞིག་དགེ་སློང་རྒས་པ་ཞིག་གིས་བསོད་སྙོམ་བཞེས་པ་དང་ཆོས་སྟོན་པའི་རེས་སུ་འཁོར། དགེ་སློང་དེ་ཉིད་དགུང་ལོ་བགྲེས་ཤིང་རབ་ཏུ་བྱུང་མ་ཐག་པ་ཡིན་པས་མདོ་དོན་མཐར་ཕྱིན་པ་མི་མཁྱེན། ཡིན་ཡང་གུས་ལུགས་དང་ལྡན་པས་བཤོལ་ཇི་ལྟར་འདེབས་དགོས་པ་ཡང་མ་ཤེས་པས་གོམ་འགྲོས་ལྗིད་ཏིག་གེ་བ་དང་བཅས་ཏེ་བསོད་སྙོམ་ལ་གཤེགས།

བུད་མེད་དེས་དགེ་སློང་རྒས་པ་དེའི་གོམ་འགྲོས་ཤིན་ཏུ་བརླིང་བར་མཐོང་བ་དང་ཤེས་རབ་བསམ་གཏན་གྱི་ཡོན་ཏན་རྒྱུད་ལ་འཁྲུངས་པའི་སྐྱེས་བུ་ཆེན་པོར་འདུ་ཤེས་ནས་ཤིན་ཏུ་དད་པར་གྱུར།

ཁྱིམ་དུ་གཤེགས་པ་ན་དགེ་སློང་རྒས་པ་དེའི་སེམས་ལུ་གུ་འཕར་འཕར་ལྟ་བུས་དྲག་ཏུ་ལྡིང་ཞིང་བསོད་སྙོམ་བཞེས་པའི་དུས་ཚོད་ཀྱང་ཡུན་རིང་དུ་ནར་གྱིས་བསྐྱངས།

དུས་ཚོད་ཤིན་ཏུ་རིང་བོར་བསྒུགས་ཀྱང་བུད་མེད་དེས་ཆོས་འདོད་པའི་འདུན་པ་སྤུ་ཙམ་ཡང་མ་བྲི། དེ་ནས་བཞེས་ཟིན་རྗེས་ཡིད་གུས་པ་ཆེན་པོས་དགེ་སློང་རྒས་པ་དེར་ཆོས་སྟོན་དུ་གསོལ།

དགེ་སློང་རྒས་པ་དེ་སྐྱི་གཡའ་བ་ཞིག་བྱུང་ནས་རང་ཉིད་ལོ་ན་མཐོན་པོར་ཕྱིན་རྗེས་ད་གདོད་རབ་ཏུ་བྱུང་བས་རྒྱ་ཆེ་ཞིང་གཏིང་ཟབ་པའི་སངས་རྒྱས་ཀྱི་ཆོས་ཕུ་ཐག་ཆོད་པ་ཞིག་མི་ཤེས་པ་ཐ་ཆད་སྙམ་དུ་བསམས་ནས། རང་གིས་རང་ལ་གནོངས་ཤིང་འགྱོད་པའི་མྱ་ངན་གྱིས་ནོན་པ་དང་ཡིད་ཕྱུང་ནས་ཤེས་རབ་ཀྱི་བློ་མིག་བྲལ་ནས་གཏི་མུག་མུན་པས་རྒྱུད་འཐོམས་པ་འདི་ཤིན་ཏུ་སྡུག་བསྔལ་བ་ལ་ཨང་ཞེས་སྨྲས།

བུད་མེད་དེས་ཐོས་པ་ན་ཚིག་དེ་དག་རང་ལ་བསྟན་པར་སྙམ་ནས་བློ་ཞིབ་མོས་དེའི་དོན་ལ་བསམས་པས་མ་རིག་པས་ལས་འདུ་བྱེད་སོགས་ཀྱི་སྡུག་བསྔལ་འབྱུང་བ་ཤེས་ནས་ཡང་དུ་བསམས་པས་འཕགས་པའི་བདེན་པ་མཐོང་བ་རེད།

དེའི་ཕྱིར། སེམས་དག་ན་ཕྱི་རོལ་གྱི་ཡུལ་མ་དག་པ་ཞིག་བཙལ་དུ་མེད། ཕྱི་རོལ་ཡུལ་གྱི་བཟང་ངན་ཐམས་ཅད་ཀྱི་རྩ་བ་སེམས་ལ་ཐུག་ཡོད། རྒྱུ་མཚན་འདི་ཤེས་རྗེས་རང་རེས་གཞན་ལ་ཐེར་འདོན་བྱེད་པའི་བག་ཆགས་འདི་མེད་པར་བྱེད་དགོས། བསམ་པ་མ་རུངས་པ་རྒྱུད་ལ་སྐྱེས་མ་ཐག་འཕྲལ་དུ་མཚམས་འཇོག་པ་དང་འགྱོད་པས་བཤགས་ནས་སྒོ་ལེགས་པར་སྡོམ་དགོས་སོ། །

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存