查看原文
其他

ཕྲ་མའི་ཚིག་ལ་མི་རྣམས་ཆེས་ཡིད་ཆེས་སླ་བ་ཡིན།

ཕེབས། 👉 Qiu1980
2024-09-29




ལེའུ་བརྒྱད་པ།

ལྟ་ཚུལ་གྱིས་འཇིག་རྟེན་དུ་འཚོ་ཚུལ་ལ་འགྱུར་བ་གཏོང་ནུས།





༨  ཕྲ་མའི་ཚིག་ལ་མི་རྣམས་ཆེས་ཡིད་ཆེས་སླ་བ་ཡིན།

སྡིག་ཅན་གྲོགས་ལ་བརྟེན་པ་ཡི། །

མིས་ནི་བཟང་པོ་མཐོང་མི་འགྱུར། །

སེང་གེ་ཁྱུ་མཆོག་མཛའ་བ་ལ། །

ཝ་ཡིས་ཐ་དད་ཕྱེས་ལ་ལྟོས། །

སྔོན་འདས་པའི་དུས་ན་སེང་མོ་ཞིག་ཡོད་པ་དེས་གླང་མོ་བསད་རྗེས་རྒྱུ་རྐྱེན་དམིགས་བསལ་བ་ཞིག་གིས་བེའུ་མ་བསད་པར་མ་ཟད་རང་གི་སེང་ཕྲུག་དང་མཉམ་དུ་གསོས། སེང་མོ་ཚེ་ཡི་འདུ་བྱེད་རྫོགས་པའི་སྔོན་དུ་ཁྱོད་གཉི་ག་ནི་ངའི་ནུ་ཞོ་གཅིག་གིས་སྐྱེད་སྲིང་བྱས་པའི་སྤུན་ཟླ་ཡིན། འཇིག་རྟེན་འདིའི་སྟེང་དུ་མཐུན་པ་ལ་དབྱེན་བཅུག་མཁན་ཤིན་ཏུ་མང་བས་ང་ཤི་བའི་རྗེས་སུ་ཞིག་གི་གཏམ་ལ་ཡང་ཁྱོད་ཅག་ཡིད་གཏོད་པར་མི་བྱའོ་ཞེས་པའི་ཁ་ཆེམས་བཞག་ནས་ཤིའོ། །

སེང་མོ་ཤི་རྗེས་སེང་ཕྲུག་དང་བེའུ་ལྷན་ཅིག་འཚོས་པ་དང་ལོ་ཧ་ཅང་མང་པོའི་རིང་ཤིན་ཏུ་མཉེས་གཤིན་པོར་གྱུར། དེའི་དུས་ཙ་ན་སེང་གེས་སེམས་ཅན་གསོད་སྐབས་ཝ་རྒན་ཞིག་རྟག་ཏུ་དེའི་རྗེས་བསྙེགས་ནས་ཐང་དུ་འཐོར་བའི་ཤ་ཟས་ལྷག་མ་རེག་ཐབས་བྱེད་བཞིན་ཡོད།

ཡིན་ཡང་སེང་གེས་ཚང་དུ་སྡོད་པའི་གླང་དྲན་ནས་མྱུར་དུ་ཤ་ཟས་ཁྱིམ་དུ་འཁྱེར་བའམ་ཡང་ན་ཝ་རྒན་གྱིས་མི་མཐོང་བའི་སར་བསྐུངས་པ་རེད།

ཟ་འཕྲོར་ལུས་པའི་ཤ་ཟས་མ་རག་པའི་རྐྱེན་གྱིས་ཝ་རྒན་ཤིན་ཏུ་ཚིག་པ་ཟོས། དེའི་བསམ་པ་ལ་བདག་བཀྲེས་ལྟོགས་ཀྱིས་མནར་བ་འདི་གླང་དེས་བྱས་པས་ཐབས་བཀོལ་ཏེ་མཐུན་པ་སོ་སོར་འབྱེད་དགོས་སྙམ།

ཉིན་ཞིག་སེང་གེ་རི་དྭགས་གསོད་ལ་སོང་བའི་གླགས་བཙལ་ཏེ་གླང་གི་མདུན་དུ་ཡོང་ནས་ཤིན་ཏུ་ཉམ་ཐག་པ་ལྟ་བུར་བཅོས་པ་དང་ལྷན་དུ་རྣ་བ་ཕབ་སྟེ་ས་ལ་ཉལ།

གླང་གིས་ཞང་པོ་ཁྱོད་རླུང་ཚ་བས་ནའམ་ཞེས་དྲིས།

ཝ་རྒན་གྱིས་ངའི་ལུས་ན་བ་མ་ཡིན་གྱི་སེམས་ནའོ་ཞེས་སྨྲས།

གླང་གིས་རྒྱུ་མཚན་དྲིས་པས་ཝ་རྒན་ན་རེ། སེང་གེས་ཁྱོད་གསོད་རྩིས་བྱེད་བཞིན་འདུག་པས་སྙིང་རེ་རྗེ།

གླང་གིས་ཡིད་མ་ཆེས་ཏེ་ཁྱོད་ཀྱིས་དེ་སྐད་མ་བཤད། ངེད་གཉིས་ལ་ཨ་མའི་ཁ་ཆེམས་ཡོད་པས་བདེན་པ་ཡིན་མི་སྲིད་ཅེས་ཁ་ནས་སྨྲས་ཀྱང་སེམས་སུ་དོགས་པ་ཟོས།

ཝ་རྒན་གྱིས་ཡིད་ཆེས་མི་ཆེས་ཁྱོད་ཀྱིས་ཤེས། གང་ལྟར་བདག་གིས་ཁྱོད་ལ་བརྡ་བཏང་ཟིན་པས་དོགས་ཟོན་མཛོད་ཅེས་སྨྲས་ནས་སོང་།

དེ་ནས་ན་རྫུ་བཏབ་སྟེ་སེང་གེའི་དྲུང་དུ་ཡོང་བ་དང་སྔར་ལྟར་ཕྲ་མ་བཅུག་པས་སེང་གེའི་སེམས་ཀྱང་ཐེ་ཚོམ་དུ་གྱུར།

སྔོན་དུས་ཡིན་ན་ཚང་དུ་སྡོད་སྐབས་སེང་གེས་བ་གླང་གི་རྭ་ཅོ་བརྡར་ཞིང་བ་གླང་གིས་སེང་གེའི་རལ་བ་ཤད་པར་བྱེད་པས་ཤིན་ཏུ་མཉེས་གཤིན་པོའི་ངང་དུ་འདུག་པ་ལས་ཕན་ཚུན་དོགས་པ་བག་ཙམ་སྐྱེས་མ་མྱོང་། ཡིན་ཡང་ཕྲ་མ་བཅུག་ཟིན་པའི་ཚེ་ཕན་ཚུན་ཇི་ལྟར་བལྟས་ཀྱང་ཕ་རོལ་པོས་མ་རུངས་ཁོག་ཏུ་བཅུག་པ་དང་མཚུངས་པས་གཉིས་ཀས་ཝ་རྒན་གྱིས་བཤད་པ་ཤིན་ཏུ་བདེན་པར་སྙམ།

ཞག་རེ་རེ་བཞིན་སོང་བས་མཐར་འགལ་བ་མངོན་དུ་གྱུར་ནས་གླང་གིས་སེང་གེའི་ལྟོ་བ་དབྲལ་བ་དང་སེང་གེས་བ་གླང་གི་མིད་ཐག་བཅད་དེ་གཉི་ག་ཤི

འདི་ནི་ཕྲ་མ་ལ་སླ་བོའི་ངང་ནས་བདེན་དུ་བཟུང་བའི་མཇུག་འབྲས་ཡིན་མོ། །

ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存