༦ རྒ་བ་ལ་འཇིགས་པས་ཅི་ཡང་མི་ཕན། མཁན་པོ་བསོད་དར་རྒྱས་ཀྱིས་མཛད།
༦ རྒ་བ་ལ་འཇིགས་པས་ཅི་ཡང་མི་ཕན།
མིའི་མི་ཚེ་གཅིག་སྟེ་བྱིས་དུས་དང་དར་མ། རྒ་བ། ཐ་ན་འཆི་བ་སོགས་དོན་དུ་ཉམས་ལེན་བྱེད་པའི་བསླབ་དེབ་ཤིན་ཏུ་བཟང་པོ་ཞིག་ཡིན། རྒ་བ་ཐོག་ཏུ་བབས་པ་ལ་གདོང་ལེན་བྱེད་སྐབས་ཆོས་པ་དང་འཇིག་རྟེན་པའི་བར་དུ་གནམ་སའི་ཁྱད་པར་ཡོད།
ཁ་ཅིག་གིས་འདི་སྐད་སྨྲ་སྟེ། བྱིས་པ་གསར་དུ་སྐྱེ་སྐབས་ངུ་ངག་གིས་རི་ལུང་ཁྱབ་པ་ནི་འཁོར་བའི་སྡུག་བསྔལ་ལ་སྐྱོ་དབྱངས་འཐེན་པ་རེད་ཅེས་ཟེར། ལོ་ཟླའི་འཁོར་འགྲོས་དང་བསྟུན་ནས་སྔོན་གྱི་བྱིས་པ་རྣམས་བསྟུད་མར་ལག་ཆགས་ཏེ་སློབ་ཆུང་དང་སློབ་འབྲིང་། སློབ་ཆེན་འགྲིམ་སྟེ་ཁྱིམ་གཞིས་བསྐྲུན་ནས་ལས་དོན་སྒྲུབ། ལང་ཚོ་དར་ལ་འབབ་སྐབས་ཕྱི་ཚུལ་ནས་བལྟས་ན་གཞོན་ཤ་དོད་ཅིང་མཛེས་པའི་མདངས་ཀྱིས་ཁེངས་ཀྱང་ཚེ་སྲོག་གི་རྒྱུན་ཐག་ནི་ཉིན་རེ་བཞིན་ཇེ་ཐུང་དུ་འགྲོ་བཞིན་ཡོད། བཟའ་བཏུང་གོས་རྒྱན་དང་གླུ་ལེན་བྲོ་འཁྲབ། དགའ་མགུར་ལོངས་སྤྱོད་སོགས་ཀྱི་སྐབས་སུ་མི་ཤེས་མི་ཚོར་བར་རྒ་བའི་སྒོ་ཁར་སླེབས་ཤིང་རྒ་བའི་སྡུག་བསྔལ་མྱོང་།
འཇིག་རྟེན་པ་རྣམས་ལང་ཚོའི་གཞོན་ཤ་ལ་དགའ་ཞིང་དུང་ཡང་མ་བསམས་ས་ནས་རྒ་བ་ནི་མྱུར་དུ་མདུན་དུ་སླེབས། ཇི་སྐད་དུ་སློབ་དཔོན་ཨརྱ་དེ་བས་དབུ་མ་བཞི་བརྒྱ་པ་ལས།
ལང་ཚོ་རྒྱབ་ཏུ་བྱུང་གྱུར་ནས། །
སྨར་ཡང་མདུན་དུ་འབྱུང་བར་འགྱུར། །
གནས་ཀྱང་འཇིག་རྟེན་འདི་ལ་ནི། །
འགྲོས་ཀྱིས་འགྲན་པ་ལྟ་བུར་མངོན། །ཞེས་གསུངས།
མི་རྒས་རྗེས་པགས་པ་དང་སྐྲ། རུས་པ་སོགས་ཀྱི་ནུས་པ་མྱུར་དུ་ཉམས་ཉེས་པར་འགྱུར་ཞིང་། འདོད་པའི་ལོངས་སྤྱོད་ལ་ཉམས་སུ་སྐྱོང་འདོད་ཆེ་ཡང་སྐྱོ་འོས་པ་ཞིག་ལ་སྤྱོད་སེམས་ལྡན་ཡང་ནུས་པས་མི་འདང་། ལུས་པོའི་རྩ་རླུང་ཉམས་ཏེ་ལོངས་སྤྱོད་ཐེག་པའི་ནུས་པ་མེད་ཅིང་གང་ཡང་ཁུར་དུ་བཟོད་མི་ཐུབ་པར་འགྱུར། འགྲོ་འཆག་ཉལ་འདུག་དང་འགུལ་བསྐྱོད་ཅུང་ཙམ་བྱས་ཀྱང་དབུགས་སྟོད་ལ་འཚང་ནས་དཀའ་བ་མང་པོ་མྱོང་། བྱ་བ་ཅི་ཞིག་བསྒྲུབས་
ཀྱང་དཀའ་ལས་མང་པོ་འཕྲད་ཅིང་སྐྱོ་སྡུག་དང་རེ་ཆད་ཀྱི་གདུང་བས་ནོན་པ་རེད།
སྐབས་ལ་ལར་ང་རང་རྒན་གསོ་ཁང་དུ་འགྲོ་སྐབས་དེར་འཚོ་བའི་ཆ་རྐྱེན་ཧ་ཅང་བཟང་བར་མཐོང་རུང་རྒན་འཁོགས་རྣམས་ནི་ཁེར་རྐྱང་གི་གདུང་བས་མནར་ཏེ་བསྡད་འདུག གལ་ཏེ་རྒ་བའི་སྡུག་བསྔལ་ཅི་ཞིག་ཡིན་མ་ཤེས་ན་དེར་ཕྱིན་ནས་རྒན་འཁོགས་རྣམས་ཀྱི་ཉལ་སའི་གནས་དང་ཟས་བཟའ་བའི་རྣམ་པ་སོགས་མཐོང་རྗེས་སེམས་སུ། ཨ་ཙི། ནམ་ཞིག་ལ་ང་ཡང་འདི་འདྲ་ཞིག་ཏུ་འགྱུར་རྒྱུ་རེད་སྙམ་དུ་རྟོག་ཅིང་སེམས་སྲིད།
རྒས་པ་འགའ་ཞིག་གིས་ལོ་གཞོན་དུས་སུ་ང་རང་མཛེས་ལུགས་འཕྱོར་ལུགས་སོགས་སྨྲས་ཏེ་རྟག་ཏུ་ངོམ་བཞིན་འདུག་ཀྱང་ཇི་ལྟར་བཤད་རུང་ད་ལྟ་ནི་ངོ་གདོང་ལས་མཛེས་པའི་ཤུལ་རྗེས་སྤུ་ཙམ་ཡང་མཐོང་རྒྱུ་མེད་པར་གྱུར་ཟིན། ད་དུང་རྒྱུན་པར་སྐད་ཆ་སྨྲ་སྐབས་དབ་བེ་དིབ་བེ་ལས་དྲང་མོར་བཤད་མི་ཐུབ་ཅིང་ལམ་དུ་བགྲོད་སྐབས་ཀྱང་འཁྱར་མ་འཁྱོར་ལས་དྲང་ཐད་དུ་འགྲོ་མི་ནུས། གཞོན་དུས་དང་བསྡུར་ན་བར་ཁྱད་ཤིན་ཏུ་ཆེན་པོ་ཡོད།
ཡིན་ཡང་། རྒ་བ་ཐོག་ཏུ་བབས་པ་ལ་གདོང་ལེན་བྱེད་སྐབས་ཆོས་པ་དང་འཇིག་རྟེན་པའི་བར་དུ་གནམ་སའི་ཁྱད་པར་ཡོད།
ཆོས་རྗེ་བླ་མ་ཡིད་བཞིན་ནོར་བུ་ཞིང་དུ་ཕེབ་སྔོན་གྱི་ལོ་གཉིས་པར་དགོང་ལོ་བདུན་ཅུ་ལྷག་ཡིན་རུང་ཁོང་གིས་ཀུན་བཟང་བླ་མའི་ཞལ་ལུང་དང་རྒྱུད་བླ་མ་གསུང་སྐབས་མདོ་ལུང་དང་རྒྱ་བོད་སྐྱེས་ཆེན་རྣམས་ཀྱི་ལུང་ཆུ་རྒྱུགས་རྒྱུགས་བཞིན་དུ་འདྲེན་ནུས། ཆོས་ལ་མི་དད་པའི་མགོ་ཁྲིད་དག་གིས་ཐོས་རྗེས་ཤིན་ཏུ་ཧ་ལས་པར་གྱུར་ཏེ། ཨ་ཙི། ལོ་ན་བདུན་ཅུ་ལས་བརྒལ་བའི་རྒན་པོ་ཞིག་གིས་ལུང་འདི་འདྲ་མང་པོ་འདྲེན་ཐུབ་ཀྱིན་འདུག དངོས་གནས་ཡ་མཚར་བ་རེད། ཅེས་སྨྲ་བ་རེད།
སྨིན་གླིང་ལོ་ཆེན་གྱིས་སྡོམ་གསུམ་འགྲེལ་བ་མཛད་སྐབས་ཀྱང་དགོང་ལོ་བདུན་ཅུ་ལས་བརྒལ་ཟིན་ཅིང་ཁོང་གིས་གཞུང་དེའི་མཇུག་རྩོམ་དུ།
དེང་བདག་འབྱུང་ལུས་རྒ་བས་དམ་བཅིངས་ཀྱང་། །
སེམས་ཀྱི་ཁྱེའུ་ཆུང་ལང་ཚོ་མ་ཉམས་པས། །
རྣམ་དཔྱོད་མེ་ལོང་ངོས་ལ་ཚིག་དོན་གཟུགས། །
འཕོས་པས་ཟ་འོག་ཐག་ལ་ངལ་གསོ་སྦྱིན། །ཞེས་གསུངས་ཡོད།
བོད་ཀྱི་རོང་ཟོམ་པཎྜི་ཏ་དགོང་ལོ་༡༡༩རུ་འཚོ་ཞིང་གཞེས་ལ་རྒྱ་ནག་གི་བཙུན་རྒན་ཤོས་ཡོན་སྐུ་འདའ་སྐབས་དགོང་ལོ་༡༢༠ལ་སླེབས་འདུག
ངའི་ཕ་ཡུལ་དུ་རྒན་པོ་ཞིག་ཡོད། ཆུང་དུས་ནས་ཉིན་རེ་བཞིན་བརྒྱ་ཕྱག་རེ་འཚལ་བ་རྒྱུན་བསྐྱངས་བྱས་ཤིང་ད་ལྟར་ཐུག་གི་བར་དུ་ཡང་རྒྱུན་མ་བཅད། ད་ལྟ་ཁོ་ལོ་༩༦ཏུ་སླེབས་ཀྱང་གཟུགས་ཕུང་བདེ་ཞིང་ཐང་ལ་སྙིང་སྟོབས་ཀྱིས་ཕྱུག་ལ། ཐེམ་སྐས་ལས་འཛེགས་ཀྱང་གཞན་གྱིས་སྐྱོར་མི་དགོས།
རྒ་བ་ལ་འཇིགས་པས་གང་ཡང་མི་ཡོང་། མིའི་མི་ཚེ་སྟེ་བྱིས་དུས་དང་དར་མ། རྒ་བ། ཐ་ན་འཆི་བ་སོགས་དོན་དུ་ཉམས་ལེན་བྱེད་པའི་བསླབ་དེབ་ཤིན་ཏུ་བཟང་པོ་ཞིག་ཡིན། ང་ཚོས་དེའི་སྐོར་ལ་གཟབ་ནན་གྱིས་བསམ་གཞིག་བྱས་ཏེ་མི་རྟག་པ་ནི་འཇིག་རྟེན་འདིའི་འགྱུར་པ་མེད་པའི་ཆོས་ཉིད་གཅིག་པུ་ཡིན་པར་གོ་ཞིང་ངེས་ཤེས་གཞན་དྲིང་མི་འཇོག་པ་ཞིག་སྐྱེས་ན་ཕྱིས་སུ་རྒ་བར་འགྱུར་སྐབས་དུས་ཚོད་དམ་འཛིན་བྱས་ནས་ཅི་ཞིག་སྒྲུབ་དགོས་པ་ཤེས་ནུས་སོ། །