༨ སྦྱིན་པ་ནི་རྒྱུ་ནོར་ཁོ་ནས་བསྒྲུབ་རྒྱུ་ཞིག་མ་ཡིན།
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
མི་ལ་ལས་གལ་སྲིད་སྦྱིན་པ་བྱིན་པས་ད་གདོད་ལོངས་སྤྱོད་ཐོབ་པ་དེ་ལྟ་ན་ངས་ཚེ་སྔོན་མར་བསོད་ནམས་ཀྱི་ཚོགས་འདུ་མ་བྱས་པ་ཡིན་སྲིད་པས་སྐྱེ་བ་འདི་ལ་སྒོར་མོས་ཕོངས། འོ་ན་ད་ཅི་ཞིག་སྦྱིན་ཞིང་སྦྱིན་པ་ཇི་ལྟར་སྒྲུབ་དགོས་ཞེས་བསམས་ན་ཡང་ཐང་།
དོན་དུ་ལུས་ངག་ཡིད་གསུམ་གྱིས་གཞན་ལ་བཟང་པོ་བྱས་ན་སྒོར་མོ་མེད་རུང་སྦྱིན་པ་གཏོང་ཆོག
འདུས་པ་རིན་པོ་ཆེའི་མཛོད་བརྒྱ་ཉེར་གཅིག་པ་ལས་སྒོར་མོ་མི་དགོས་པའི་སྦྱིན་པའི་རིགས་བདུན་གསུངས་ཡོད་པས་དེས་ཀྱང་ཚོགས་རྒྱ་ཆེན་པོ་འདུ་བྱེད་ནུས་སོ། །
དང་པོ། མིག་གི་སྦྱིན་པ་སྟེ། བྱམས་དང་བརྩེ་བའི་མིག་མདངས་ཀྱིས་གཞན་ལ་ལྟ་བ།
གཉིས། ཞལ་འཛུམ་པའི་སྦྱིན་པ། ཡིད་དུ་འོང་བའི་འཛུམ་གྱིས་ཕ་རོལ་པོ་བསུ་བ།
གསུམ། གཏམ་གྱི་སྦྱིན་པ། གཞན་ལ་གཏམ་སྙན་པོ་དང་ཚིག་འཇམ་པོ་བཤད་པ།
བཞི་པ། ལུས་ཀྱི་སྦྱིན་པ། ཕ་མ་དགེ་བའི་བཤེས་གཉེན་རྣམས་ལ་གུས་པས་ལངས་བ་དང་བསུ་སྐྱེལ་བྱེད་པ། ཕྱག་བྱེད་པ། ད་དུང་རང་ཉིད་ཀྱི་ནར་མའི་ཀུན་སྤྱོད་ཀྱིས་གཞན་ལ་རོགས་རེས་བྱེད་པ།
ལྔ་པ། སེམས་ཀྱི་སྦྱིན་པ། ལྷག་བསམ་རྣམ་པར་དག་པ་དང་གུས་པའི་སེམས་ཀྱིས་གཞན་ལ་གཏོང་ལེན་བྱེད་པ།
དྲུག་པ། སྟན་གྱི་སྦྱིན་པ། ཕ་མ་དགེ་བའི་བཤེས་གཉེན་སོགས་ལ་སྟན་བཤམས་པའམ་རང་ཉིད་ཀྱི་འདུག་ཁྲེའུ་གཞན་ལ་བཤོལ་བ།
བདུན་པ། སྡོད་ཁང་གི་སྦྱིན་པ། རང་ཉིད་ཀྱི་ཁང་པ་གཞན་ལ་གཡར་ནས་སྡོད་དུ་འཇུག་པ་བཅས་སོ། །
དེའི་ཕྱིར་སྒོར་མོ་མེད་རུང་སྦྱིན་པ་གཏོང་བ་ལ་ཤུགས་རྐྱེན་ངན་པ་མི་ཐེབ་པ་མ་ཟད་འདི་དག་མི་སུ་ཡིན་ཡང་སྒྲུབ་ཐུབ་པ་ཞིག་རེད། དེ་ཡང་སྒྲུབ་སེམས་ཡོད་ན་གོ་སྐབས་གནས་གང་ན་ཡང་ཡོད་པ་རེད། །