༦ མཆོད་རྟེན་གཡས་སུ་བསྐོར་ན། ཕན་ཡོན་བསམ་གྱིས་མི་ཁྱབ།
ལེའུ་ལྔ་པ།
སངས་རྒྱས་བྱིན་རླབས་བསམ་མི་ཁྱབ།
ངའི་བསམ་འཆར་ཞིག་ལ་ནམ་རྒྱུན་ཁོར་ཡུག་གང་འདྲ་ཞིག་ཏུ་ཕྱིན་རུང་ང་ཚོས་མཆོད་ཁང་དང་དགོན་པ། སངས་རྒྱས་ཀྱི་སྐུ་བརྙན། མཆོད་རྟེན་སོགས་མཇལ་སྐབས་སེམས་ཤུགས་དང་དུས་ཚོད་མང་པོ་མེད་ན་མ་མཐའ་ཡང་ལན་གསུམ་དུ་བསྐོར་བ་བྱེད་དགོས་སོ། །
མཆོད་རྟེན་ནི་སངས་རྒྱས་ཆོས་དགེ་འདུན་ཏེ་དཀོན་མཆོག་གསུམ་གྱི་རྟེན་ཡིན་ཞིང་དེ་བཞིན་གཤེགས་པའི་ཆོས་ཀྱི་སྐུ་ཡིན་པ་དང་དེ་བཞིན་གཤེགས་པའི་ཐུགས་ཀྱི་རྟེན་ཡང་ཡིན། ནང་བསྟན་ཆེས་ཆེར་དར་སའི་ཡུལ་གྲུ་ཡིན་ནས་བཟུང་མཆོད་རྟེན་ཤིན་ཏུ་མང་། དཔེར་ན་ཐེ་ལན་དི་ལྟ་བུ་སྟེ་རི་གྲོང་ངམ་གྲོང་ཁྱེར་སོགས་གང་དུ་སོང་ཡང་ལམ་ནས་མཆོད་རྟེན་གང་སར་མཇལ་དུ་ཡོད། དེ་དང་འདྲ་བར་བོད་དུ་ཡང་གནས་གང་ཡིན་རུང་མཆོད་རྟེན་དཀར་བོ་
མིག་ལམ་དུ་མཇལ་ནུས། ངེད་ཅག་བོད་མི་ལ་མཆོད་རྟེན་དང་དགོན་པ་དང་རབ་ཏུ་བྱུང་བ་རྣམས་མཇལ་སྐབས་འཕྲལ་དུ་ཞྭ་མོ་ཕུད་ནས་ལག་ཐལ་མོ་སྦྱོར་བའི་སྲོལ་ཞིག་ཡོད། གལ་སྲིད་དྲུང་དུ་སོང་ནས་གུས་པས་ཕྱག་བྱེད་པའི་དུས་ཚོད་མེད་ན་རྒྱང་རིང་བའི་རླངས་འཁོར་གྱི་ནང་ངམ་རྟ་ཐོག་ནས་སམ་ལམ་སྟེང་ནས་གུས་པས་ཐལ་མོ་སྦྱར་ན་ཡང་ཕན་ཡོན་ཤིན་ཏུ་ཆེ།
མཆོད་རྟེན་ལ་བསྐོར་བ་བྱས་ན་ཕན་ཡོད་གང་དག་ཡོད་ཅེ་ན། མཆོད་རྟེན་བསྐོར་བའི་ཚིགས་སུ་བཅད་པ་ལས་ལྷ་དང་ཀླུ་དང་གནོད་སྦྱིན་དང་འབྱུང་པོ་ཐམས་ཅད་ཀྱིས་ཉེ་བར་མཆོད་པར་བྱེད་ཅིང་བསམ་བཞིན་གནོད་འཚེ་མི་སྒྲུབ་བོ་ཞེས་གསུངས།
མདོ་ལས་འདི་སྐད་ཅིག་གསུངས་ཡོད། དེ་ཡང་སྔོན་འདས་པའི་དུས་ན་ཚོང་པ་སྐོར་གཅིག་རིན་པོ་ཆེ་ལེན་དུ་རྒྱ་མཚོར་ཞུགས་ཤིང་ཆུ་སྲིན་གྱི་གནོད་པ་ལ་འཕྲད་དེ་ཁ་རུ་ཁྱུར་མིད་བྱེད་དུ་ཉེ་བ་ན་ཁོ་ཚོས་ལྷན་ཅིག་ཏུ་སྐད་ཆེན་པོས་དེ་བཞིན་གཤེགས་པའི་མཚན་བསྒྲགས་པས་ཆུ་སྲིན་གྱིས་ཁ་ཟུམ་ནས་ཉེས་པ་མེད་པར་བཏང་། དེ་ནས་ཆུ་སྲིན་མི་རུ་སྐྱེས་ཤིང་མིང་ལ་ཤུ་རེས་གྷ་ཐཱ་ཟེར། དེ་ཆུང་བྱིས་པའི་དུས་ནས་དགོན་པར་ཞུགས་ཏེ་རབ་ཏུ་བྱུང་ཞིང་ཡུན་རིང་མ་ཐོགས་པར་དགྲ་བཅོམ་པའི་གོ་འཕང་བརྙེས།
འོ་ན་དེས་འཕགས་པའི་བདེན་པ་མཐོང་བའི་རྒྱུ་གང་ཞེ་ན། སྔོན་བསྐལ་པ་དཔག་ཏུ་མེད་པ་འདས་པའི་དུས་ན་དེ་སྦྲང་མ་ཞིག་ཡིན་ཞིང་མཆོད་རྟེན་ཉེ་འཁོར་གྱི་བ་ལང་གི་ལྕི་བའི་དྲི་ཚོར་བས་སྟབས་ལེགས་ཏེ་མཆོད་རྟེན་ལ་ལན་གཅིག་བསྐོར་བའི་རྐྱེན་གྱིས་ཡིན་ཞེས་བཅོམ་ལྡན་འདས་ཀྱིས་བཀའ་བསྩལ།
རང་རེ་དག་གིས་མཆོད་རྟེན་ལ་བསྐོར་བ་ལན་གཅིག་བྱས་པའམ་ཡང་ན་ཕྱག་ལན་གཅིག་འཚལ་བ་ལ་ཕན་ཡོན་ཆེན་པོ་མེད་ཅེས་གཏན་ནས་བསམ་མི་རིགས། ཅིའི་ཕྱིར་ཞེ་ན། མཆོད་རྟེན་ནི་སྟོབས་ཤུགས་ཤིན་ཏུ་ཆེ་བའི་ཞིང་དམ་པ་ཡིན་པས་དེ་ལ་དམིགས་ནས་དགེ་བ་ཆུང་ཆུང་ལས་མ་བྱས་ཀྱང་རང་ཉིད་ལ་ཚོགས་བསགས་སྒྲིབ་སྦྱོང་གི་རྐྱེན་བླ་ན་མེད་པ་ཞིག་ཏུ་འགྱུར་འགྲོ། དེའི་ཕྱིར་མཆོད་རྟེན་ཡོད་སའི་ས་ཆར་སླེབས་སྐབས་ངེས་པར་དུ་བསྐོར་བ་བྱེད་དགོས་པ་ལས་འདྲ་པར་ཁ་ཤས་བླངས་རྗེས་མྱུར་དུ་འབྲལ་བར་མི་བྱའོ། །
ཡིད་གཟབ་བྱེད་དགོས་ས་ཡང་འགའ་ཞིག་ཡོད་དེ། གཡས་བསྐོར་༼ དུས་ཚོད་སྐར་མདའི་འགྲོས་འཁོར།༽བྱས་ན་མཆོད་རྟེན་བཞེང་པའི་ཕན་ཡོན་ལྡན་ཞིང་གཡོན་བསྐོར་༼ དུས་ཚོད་སྐར་མདའི་ལྡོག་འཁོར། ༽ བྱས་ན་མཆོད་རྟེན་བཤིག་པའི་ཉེས་པ་འབྱུང་བས་ངེས་པར་དུ་གཡས་བསྐོར་བྱེད་དགོས། གལ་སྲིད་ཁ་ཕྱོགས་ནོར་བར་གྱུར་ན་ལྡོག་སྟེ་ཉེས་པ་ཤིན་ཏུ་ཆེན་པོ་འབྱུང་བ་རེད།
རྒྱ་ནག་སྐད་དུ་ཡང་བཞུགས་པའི་མདོ་སྡེ་མཆོད་རྟེན་བསྐོར་བའི་ཕྱོགས་སུ་བཅད་པ་ཞེས་པར་གཞས་བསྐོར་བྱེད་པའི་ཕན་ཡོན་རྒྱས་པར་གསུངས་ཡོད།
༡༩༨༧ལོར་ངེད་ཅག་དཔོན་སློབ་གནས་ཆེན་རི་བོ་རྩེ་ལྔར་སོང་སྐབས་ཉིན་རྟག་པར་མཆོད་རྟེན་དཀར་པོ་བསྐོར་བ་ཡིན། སྐབས་དེར་ནང་པའི་རྗེས་འཇུག་པ་མང་པོ་ཞིག་དང་ཐ་ན་རབ་བྱུང་བ་འགས་ཀྱང་གཡོན་བསྐོར་བྱེད་བཞིན་འདུག ང་ཚོའི་མཆེད་གྲོགས་ནང་ལ་བླ་མ་དབྱིངས་ཡེ་བྱ་བ་ཞིག་ཡོད་ཅིང་ཁོང་གི་ཉིན་རེའི་བྱ་བ་ནི་དེ་དག་ལམ་དུ་འགོག་པ་ལྟ་བུར་གྱུར་འདུག
ཐེངས་ཤིག་ཁོང་གིས་གཞོན་ནུ་མ་ཞིག་གི་ལག་ནས་བཟུང་སྟེ་གཡོན་བསྐོར་བྱེད་པར་འགོག་བཞིན་འདུག ཡིན་ཡང་ཁོང་གིས་རྒྱ་སྐད་མི་མཁྱེན་པས་ཤེད་ཀྱིས་འཐེན་པས་གཞོན་ནུ་མ་དེ་ཤིན་ཏུ་སྐྲག་ནས་ཨཱ། ང་མ་འཐེན། ང་མ་འཐེན། ཞེས་སྐད་ཆེན་པོ་རྒྱག་བཞིན་འདུག དོན་དུ་བླ་མ་དེའི་སེམས་ཤིན་ཏུ་དག་ཅིང་དགུང་ལོ་ཡང་དྲུག་ཅུ་བདུན་ཅུ་ཙམ་ཡིན། སྒྲིག་ལམ་ཡང་མི་མཁྱེན་པས་ལམ་ནས་འགོག་བཞིན་གཡོན་བསྐོར་མ་བྱེད་ཅེས་སྒོ་བཞིན་འདུག
ཡིན་ཡང་ལོ་འདི་ཤས་ཀྱི་རིང་དུ་ཚང་མས་དལ་གྱིས་འདིའི་སྐོར་གྱི་གནས་ལུགས་རྒྱུ་མཚན་ཤེས་པས་ད་ལོ་ང་རི་བོ་རྩེ་ལྔ་ལ་འགྲོ་སྐབས་མཆོད་རྟེན་དཀར་པོའི་ཉེ་འཁོར་དུ་འཁོར་ལོ་མང་པོ་བཞེངས་འདུག་པ་མཐོང་ཞིང་ཡུལ་སྐོར་མགྲོན་པོ་ཀུན་གྱིས་གཡས་བསྐོར་བྱེད་བཞིན་འདུག་པས་མི་སེམས་དགའ་འོས་པ་ཞིག་རེད།
གལ་སྲིད་དགོན་པ་ལ་ལར་དམ་པའི་སྐྱེས་ཆེན་རྣམས་ཀྱི་སྐུ་གདུང་ལས་མཆོད་རྟེན་མ་རྙེད་ན་ཡང་སྐུ་གདུང་ལ་བསྐོར་བ་བྱེད་དགོས། གལ་ཏེ་སྐུ་གདུང་ཡང་མེད་ན་དགོན་པ་དེའི་ནང་གི་སངས་རྒྱས་ཀྱི་སྐུ་བརྙན་ལ་བསྐོར་བ་བྱེད་ཆོག
བོད་ཀྱི་དགོན་སྡེ་ཁག་གི་སངས་རྒྱས་ཀྱི་སྐུ་བརྙན་ཕལ་ཆེ་བ་གཙུག་ལག་ཁང་གི་སྦུག་ལ་ཡོད་ཅིང་གཙུག་ལག་ཁང་དུ་བསྐོར་བ་བྱ་སའི་ལམ་ཡང་མེད། འོན་ཀྱང་རྒྱ་ནག་དགོན་པའི་གཙུག་ལག་ཁང་གི་སངས་རྒྱས་ཀྱི་སྐུ་བརྙན་གྱི་རྒྱབ་ནས་བགྲོད་ཆོག་པས་སངས་རྒྱས་ཀྱི་སྐུ་བརྙན་ཚོགས་ཞིང་དུ་དམིགས་ནས་བསྐོར་བ་བྱས་ན་ཕན་ཡོན་བསམ་གྱིས་མི་ཁྱབ། ངའི་བསམ་འཆར་ཞིག་ལ་ནམ་རྒྱུན་ཁོར་ཡུག་གང་འདྲ་ཞིག་ཏུ་ཕྱིན་རུང་ང་ཚོས་མཆོད་ཁང་དང་དགོན་པ། སངས་རྒྱས་ཀྱི་སྐུ་བརྙན། མཆོད་རྟེན་སོགས་མཇལ་སྐབས་སེམས་ཤུགས་དང་དུས་ཚོད་མང་པོ་མེད་ན་མ་མཐའ་ཡང་ལན་གསུམ་དུ་བསྐོར་བ་བྱེད་དགོས་སོ། །
དོན་དུ་རྒྱ་གར་འཕགས་པའི་ཡུལ་གྱི་དམ་པ་མང་པོས་ཀྱང་བསྐོར་བ་བྱེད་པ་ལ་ཤིན་ཏུ་མཐོང་ཆེན་པོ་བྱེད་དེ། རྒྱ་གར་དུ་གྲོང་ལ་བསྐོར་བ་བྱས་པས་གྲུབ་པ་ཐོབ་པའི་གང་ཟག་ཡོད་ཅིང་གཙུག་ལག་ཁང་ལ་བསྐོར་བ་བྱས་པས་གྲུབ་པ་བརྙེས་པའི་དམ་པ་ཡང་ཡོད། ད་དུང་ཕྱག་ན་པདྨ་ཁ་སརྤཎི་ལ་བསྐོར་བ་བྱས་པས་ནད་ངན་ལས་ཐར་ནས་གྲུབ་པའི་སར་གཤེགས་པ་སོགས་ཀྱང་མང་པོ་ཡོད་དོ། །