查看原文
其他

༡༡ བདེ་སྡུག་གང་ཡིན་ཡང་རྒྱུ་མེད་རྐྱེན་མེད་ཅིག་མ་ཡིན།

ཕེབས། 👉 Qiu1980
2024-09-29



ལེའུ་བཞི་པ།  

རྒྱུ་འབྲས་ལ་བླང་དོར་ཤེས་པའི་མི་ནི་བསོད་ནམས་ཆེ།





༡༡  བདེ་སྡུག་གང་ཡིན་ཡང་རྒྱུ་མེད་རྐྱེན་མེད་ཅིག་མ་ཡིན།


སྟོན་པ་བཅོམ་ལྡན་འདས་ཀྱིས་བསྟན་པའི་ལས་རྒྱུ་འབྲས་ནི་མི་རྣམས་ལ་འཇིགས་སྣང་སྐུལ་བའི་ཆེད་དུ་མ་ཡིན་པར་གྲོས་འདེབས་པའི་ཆེད་དུ་རེད། བདེན་པའི་གནས་ལུགས་འདི་ལ་ཁྱོད་ཀྱིས་ཡིད་ཆེས་རུང་མ་ཆེས་རུང་དེ་ནི་མི་འགྲིབ་མི་འཕེལ་བའི་སྒོ་ནས་དོན་དུ་གནས་ཡོད་པ་རེད།

འབྲོག་པ་ཞིག་རྟག་པར་ཡུལ་འགོལ་བོའི་འབྲོག་སར་འཚོ་བཞིན་བསྡད་ཡོད།སྟེས་དབང་གི་ལྷགས་པའི་གོ་སྐབས་ཤིག་གིས་དེང་རབས་ཅན་གྱི་གྲོང་ཁྱེར་ཆེན་མོ་ཞིག་ཏུ་སླེབས།

འབྲོག་པ་དེས་གནས་དེར་སྡོད་པའི་མི་ཀུན་གྱིས་གློག་སྒྲོན་སྤྱོད་བཞིན་པ་མཐོང་བས་དེའི་བསམ་པ་ལ་འོད་འབྱིན་ནུས་པའི་དངོས་པོ་འདི་ཧ་ཅང་གིས་བཟང་བས་གཅིག་ཉོས་ཏེ་ཕ་ཡུལ་ལ་འཁྱེར་དགོས་ཤིང་།དེ་ན་དགོང་མོར་མཆོད་མེ་སྦོར་མི་དགོས་སྙམ།དེ་ནས་ཁོས་གློག་སྒྲོན་ཞིག་ཉོས་ནས་ཕ་ཡུལ་དུ་ལྡོག་སྟེ་རེ་བ་ཆེན་པོ་སེམས་སུ་ཉར་བཞིན་སྦྲ་ནང་དུ་བཀལ་ཞིང་ཇ་ཡུན་ཙམ་དུ་བྲེལ་ཡང་འོད་འབྱིན་མ་ནུས།

གློག་སྒྲོན་ལས་འོད་འབྱིན་པ་མཐོང་སྐབས་འབྲོག་པ་དེས་འདྲ་འགྲིག་གི་སྒོ་ནས་གློག་སྒྲོན་ཏིག་ཉོས་པ་ཙམ་གྱིས་དེས་འོད་འབྱིན་ནུས་པར་བསམས་ཀྱང་།ཁོས་མིག་གིས་མི་མཐོང་བའི་སར་ཡོད་པའི་རྒྱུ་རྐྱེན་དག་མ་མཐོང་སྟེ།གློག་སྒྲོན་གྱི་ཤེལ་ཏོག་དེ་ནི་འོད་འབྱིན་པའི་བྱ་བ་དེ་མིག་ལ་སྣང་བའི་ཉེ་བའི་རྐྱེན་ཞིག་ཡིན་ཞིང་འོད་འབྱིན་པ་ལ་ད་དུང་གློག་ནུས་དང་གློག་སྐུད་སོགས་རིང་བའི་རྒྱུ་གཞན་ཡོད་དགོས་སོ།།

དོན་དུ་མི་ཀུན་གྱི་བདེ་སྡུག་ཐམས་ཅད་ལ་ཉེ་བའི་རྐྱེན་དང་རིང་བའི་རྒྱུ་གཉིས་ཡོད།རང་རེའི་ཤའི་མིག་གིས་མིག་སྔོན་གྱི་ཉེ་བའི་རྐྱེན་མཐོང་བ་ལས་མིག་གིས་མི་མཐོང་བའི་སར་ཡོད་པའི་རིང་བའི་རྒྱུ་མཐོང་མི་ནུས།དཔེར་ན་མི་ཞིག་ནོར་གྱིས་ཕྱུག་སྐབས་རང་རེས་མཐོང་བ་ནི་དེས་འབད་བརྩོན་བརྒྱུད་དེ་གོ་སྐབས་དམ་དུ་བཟུང་ནས་ཕྱུག་པོར་གྱུར་པ་ཡིན་རུང་དེས་ཚེ་སྔོན་མར་བསགས་པའི་བསོད་ནམས་ནི་མཐོང་བའི་ཐབས་མེད།

མི་ལ་ལས་ཕྱུག་པོར་འགྱུར་བ་ལ་བསོད་ནམས་ཞེས་པ་ཞིག་ག་ལ་དགོས། འབད་བརྩོན་བྱས་པ་ཙམ་གྱིས་ཆོག་ཅེས་སྙམ་ཡང་སྲིད།

དེ་ལྟ་ན་མི་ཧ་ཅང་མང་པོས་ཚེ་གཅིག་ཏུ་འབད་པ་ལྷོད་མེད་དང་ནངས་སྔ་ལངས་ནུབ་འཕྱི་ཉལ་བྱས་ཏེ་སེམས་ཤུགས་ཡོད་དོ་ཅོག་སྒོར་མོ་སྒྲུབ་པའི་སྟེང་དུ་ཕྱུང་ཡང་མཇུག་མཐར་དཀའ་སྡུག་ཁོ་ན་མྱངས་ཤིང་ཐོབ་པ་ལ་ཁ་གསོ་བྱེད་ཀྱི་སྒོར་མོ་ཕྲན་ཙམ་ལས་ཅི་ཡང་མི་ཡོང་བའི་གནས་ཚུལ་ག་ས་གང་དུ་མཐོང་རྒྱུ་ཡོད་པ་འདི་དག་ཅིའི་ཕྱིར་བྱུང་བ་རེད།

ང་ཚོ་ཀུན་གྱི་ཉེ་འཁོར་དུ་མི་འདི་འདྲ་མང་པོ་ཡོད་ངེས་ཅན་ཡིན་ཏེ་ཁོ་ཚོས་རྡོ་ལས་ཁྲག་བཙིར།བྱེའུ་ལས་རུས་རྐང་འདོན་པ་ལྟར་ཐབས་བརྒྱ་ཇུས་སྟོང་གིས་གསོག་སྲུང་བྱེད་ཅིང་ནུས་ཤུགས་ཡོད་དགུ་སྤྲུགས་ནས་འཚོལ་སྒྲུབ་བྱེད་ཀྱང་འཚོ་བ་ནི་འདོད་ཐོག་ཏུ་མི་ཁེལ།

ཁ་ཅིག་གིས་ཁོ་ཚོའི་ནུས་པ་དང་ཤེས་རབ་ཀྱིས་མ་འདང་བས་ད་གདོད་འདི་འདྲའི་གནས་སུ་ལྷུང་བ་རེད་ཅེས་སྨྲ་སྲིད།

དོན་དུ་དེ་ལྟར་ལར་ནས་མིན།མི་ཞིག་གིས་འབད་པ་ཇི་ལྟར་བྱས་པའམ་ཡང་ན་རིག་པ་ཇི་ལྟར་རྣོ་བ་དང་ནུས་པ་ཇི་ལྟར་ཆེ་ཡང་གལ་སྲིད་བསོད་ནམས་ཀྱིས་མ་འདང་ན་འདོད་ཐོག་ཏུ་འབབ་པའི་འབྲས་བུ་འབྱུང་དཀའ།སྐབས་འགའ་ཞིག་ཏུ་སྟེས་དབང་གིས་རྒྱུ་ནོར་ཕྲན་ཙམ་ཐོབ་ཀྱང་ཡུན་རིང་མོར་དབང་བའི་ཐབས་མེད་པས་མི་འགྱངས་བར་ལུས་པ་མེད་པར་འཛད་འགྲོ། དེ་ལས་ལྡོག་སྟེ་མི་ལ་ལ་ཞིག་གིས་ནི་རྩོལ་བ་མང་པོ་རྩ་བ་ནས་བྱེད་མི་དགོས་པར་དངོས་པོ་མང་པོ་ངང་ངམ་ཞུགས་ཀྱིས་འབྱུང་སྲིད།ནོར་མེད་ན་ཡང་འབད་པས་སྒྲུབ་མི་དགོས་ཤིང་ནོར་ཡོད་ན་ལུས་པ་མེད་པར་འཛད་ཤིན་ཏུ་དཀའ།གང་དུ་ཕྱིན་ཡང་རྒྱུ་ནོར་ཐམས་ཅད་རང་བཞིན་གྱིས་འབྱུང་བས་འདི་ནི་ཁོ་ཚོའི་ཚེ་སྔོན་མའི་བསོད་ནམས་ཀྱི་འབྲས་བུ་ཡིན་ནོ།།

ད་ལྟ་མི་ཧ་ཅང་མང་པོས་ལས་རྒྱུ་འབྲས་ལ་ངོས་ཟིན་གང་ཡང་མེད་པར་སྒོར་མོ་སྒྲུབ་མི་ཐུབ་པ་དང་རང་ཉིད་ཀྱིས་དམིགས་པའི་ཡུལ་དུ་སླེབས་མ་ཐུབ་པའི་དུས་སུ་གཞན་ལ་སྡུག་ཡུས་འདོན་ཞིང་ཕ་མ་ལ་འཁང་ར་ཁོ་ན་བྱེད་པའམ།ཡང་ན་མགོ་ཁྲིད་ལ་འཁང་།ཡང་ན་སྲིད་ཇུས་ལ་འཁང་།ཡང་ན་ལས་རྒྱུ་འབྲས་ལ་འཁང་བ་རེད།

དྲྭ་ཐོག་ལ་སྐད་ཆ་འདི་སྐད་ཅིག་ཡོད་དེ།ཨ་ཕ་ལི་ཀང་ཅི་ཕྱིར་མིན།ཞེས་ཟེར།ལ་ལ་ཞིག་གིས་རང་ཉིད་ཀྱི་ཨ་ཕ་ལི་ཅ་ཁྲེང་ཅིའི་ཕྱིར་མ་ཡིན་པ་དང་ལི་ཀང་ཅིའི་ཕྱིར་མ་ཡིན་པ་རེད་ཅེས་སྨྲས་ཏེ་འཁང་བ་རེད།༼མཆན།ལི་ཅ་ཐེང་།༡༩༢༨ལོར་སྐྱེས།ཧོང་ཀོང་གྲོང་ཁྱེར་གྱི་ཕྱུག་རྒན་ཨང་དང་པོ་ཡིན།ལི་ཀང་།༢༠༠༥ལོར་པེ་ཅིང་འཁྱེར་འཕྲིན་དུ་ལས་གནས་སྤོས་ཏེ་སྤྱི་ཁྱབ་གཉེར་དཔོན་བྱས།༢༠༠༦ལོར་ཀྲུང་གོའི་འབྲེལ་འཕྲིན་དུ་སྤྱི་གཅོད་པ་གཞོན་པ་བྱས།༢༠༡༤ལོར་ཀྲུང་གོའི་ཡིད་རྟོན་དངུལ་བུན་གྱི་ལག་བསྟར་མིན་པའི་རྐང་བདག་བྱས།དེའི་བུས་ཧུ་ཡེས་སློབ་ཆེན་གྱི་སློབ་རའི་ནང་དུ་ཆང་འཐུང་སྟེ་རླངས་འཁོར་བཏང་ནས་བུ་མོ་གཅིག་བསད་ཅིང་གཅིག་ཚབས་ཆེན་རྨས།བྲོས་འདོད་ཀྱང་གཞན་གྱིས་བཟུང་རྗེས་ནུས་པ་ཡོད་ན་ཁྲིམས་ལ་གཏུགས་ཤིགངའི་ཨ་ཕ་ལི་ཀང་ཡིན་ཞེས་སྨྲས་སྐད།དེ་ནས་ངའི་ཨ་ཕ་ལི་ཀང་ཡིན་ཞེས་པའི་ཟུར་

ཟའི་ཚིག་དེ་དྲྭ་ཐོག་ཏུ་ཁྱབ་ཅིང་ལི་ཀང་ནི་དྲྭ་ཐོག་ཏུ་གྲགས་པའི་ཡབ་ཆེན་བཞི་ལས་གཅིག་ཡིན་སྐད་དོ།།༽དོན་དུ་ལས་རྒྱུ་འབྲས་ཀྱི་དབང་དུ་བཏང་ན་ཚེ་འདིའི་ཨ་ཕ་ནི་ཚེ་སྔོན་མའི་ལས་ཀྱིས་འཕངས་པས་ཕྱི་རོལ་གྱི་ཡུལ་ཁོ་ན་ལ་འཁང་དགོས་དོན་མེད་པར་སྐད་ཅིག་འདི་ཉིད་དུ་དགེ་བ་སྒྲུབ་སྡིག་པ་སྤང་སྟེ་མྱུར་དུ་མགོ་རྩོམ་དགོས་སོ།།

ད་སྐབས་མི་ཉུང་བ་ཞིག་གིས་མིག་སྔོན་གྱི་ཁེ་ཆུང་ཙམ་གྱི་ཆེད་དུ་བྱུང་རྒྱལ་དུ་ལས་ངན་པ་ཇི་ལྟར་བསགས་ཀྱང་ཡ་མི་ང་།འདི་འདྲའི་ལས་རྒྱུ་འབྲས་ལ་སྣང་དོག་མེད་པའི་བྱ་སྤྱོད་དག་ནི་དངོས་གནས་སྐྱི་གཡའ་བ་ཞིག་རེད། 

ཆེད་དུ་བརྗོད་པའི་ཚོམས་ལས་རོ་ཁ་བའི་རྒྱུ་ལས་འབྲས་བུ་ཁ་བ་ལྟར།སྡིག་པའི་ལས་ཀྱིས་འབྲས་བུ་སྡུག་བསྔལ་བསྐྱེད།ཅེས་གསུངས་སོ།།

དེའི་ཕྱིར་རང་རེས་ཚད་ལས་བརྒལ་བའི་རྒྱུ་ནོར་ལ་འཚོལ་སྙེག་བྱ་ཆེད་སྐྱེ་བ་འདིའི་ལུས་འདི་ངན་སོང་གི་རྨང་རྡོ་བྱེད་མི་རུང་།

ད་སྐབས་ཀྱི་དུས་རབས་འདི་ལ་ལས་རྒྱུ་འབྲས་ཀྱི་ལྟ་བ་ཡང་དག་པ་འདི་ཆེས་ཤིན་ཏུ་ནས་ཀྱང་གལ་ཆེ།གལ་སྲིད་སྐྱེ་བོ་ཡོད་དོ་ཅོག་གིས་རང་རྟོག་ཆེན་མོས་ལས་རྒྱུ་འབྲས་དཔང་པོར་བཞག་སྟེ་བྱ་བ་བསྒྲུབས་ན་གཞུང་ཞབས་པས་ལྐོག་ཟ་རུལ་སུངས་མི་བྱེད་ལ་ཚོང་པས་ཀྱང་ཐོན་རྫས་གསོག་གསོབ་རྫུན་ཞན་ཅན་བཟོ་བསྐྲུན་བྱེད་མི་སྲིད།གལ་ཏེ་མི་ཐམས་ཅད་ཀྱིས་ལས་རྒྱུ་འབྲས་ལ་ཡིད་ཆེས་ཟབ་མོ་ལྡན་ན་འཇིག་རྟེན་འདི་ཡང་མི་ཡུལ་གྱི་དག་ཞིང་དུ་འགྱུར་ནུས་པ་གདོན་མི་ཟའོ།།


ཁ་བྱང་ལྟར་ནང་དོན་རེ་རེ་བཞིན་གཟིགས་ཐུབ།







 


འདི་ནས་ལན་གཅིག་གནོན་རོགས།👇
继续滑动看下一个
Qiu1980
向上滑动看下一个

您可能也对以下帖子感兴趣

文章有问题?点此查看未经处理的缓存