10 རྒྱུ་ནོར་སྒྲུབ་སྐབས་དུས་སྲོལ་གྱི་རྗེས་སུ་རྒྱུག་མི་རུང་།
ལེའུ་གཉིས་པ།
གུ་ཡངས་བློ་བདེ་ཡི་ངང་ནས། །མགོ་ནག་སྐྱིད་སྡུག་དེ་གླེང་ངོ་། །
མི་ལ་ལ་ཚེ་གཅིག་ཏུ་བྲེལ་ཟིང་གིས་འདུར་རྒྱུག་བྱས་ཀྱང་མཐར་ལག་སྟོང་དུ་འགྲོ་ཞིང་ཐ་ན་སྡུག་བསྔལ་བཟོད་དུ་མེད་པ་མྱོང་། དེའི་རྒྱུ་མཚན་ཡང་ཁོ་ཚོས་མི་ཚེ་འདིར་ཅི་ཞིག་ཆེས་དོན་སྙིང་དང་ལྡན་པ་ཡིན་པ་དང་རང་གིས་ཤིན་ཏུ་གལ་ཆེན་དུ་རློམ་རུང་དོན་དུ་རིན་ཐང་ལྡན་མིན་ལ་བསམ་གཞིག་གཏན་ནས་བྱེད་མ་མྱོང་བའི་རྐྱེན་གྱིས་རེད།
མི་ཀུན་གྱིས་རང་གིས་གལ་ཆེན་དུ་རློམ་པའི་དངོས་པོ་འཚོལ་སྙེག་བྱེད་ཅིང་སྐབས་ལ་ལར་ནི་ཤིན་ཏུ་རྨོངས་པའི་རྒྱ་རུ་འཐོམས་ཏེ། ཅལ་སླེབས་སོང་ཞེས་པའི་བསྡུས་བརྗོད་ཀྱི་གཏམ་དཔེ་དང་འདྲ།
ཉིན་ཞིག་གི་ཞོགས་པར་རི་བོང་གསུམ་གྱིས་མཚེའུ་འགྲམ་དུ་དགའ་སྤྲོའི་གར་དང་བཅས་ཏེ་ཕྱེ་མ་ལེབ་འཛིན་དུ་ཆས། གློ་བུར་དུ་མཚེའུ་ལས་ཅལ་ཞེས་པའི་སྒྲ་གྲགས་པས་དེ་གསུམ་སྔངས་འདར་ཞིག་བརྒྱབས་ཤིང་། ཡང་སྙིང་ཅི་ཞིག་བྱུང་ཡོད་མེད་མ་ཤེས་པར་སླར་ཡང་ཅལ་ཞེས་པའི་སྒྲ་གྲགས་པས་རི་བོང་གསུམ་པོ་ཤིན་ཏུ་འཇིགས་ནས་ཁ་ཕྱིར་འཁོར་ཏེ་བྲོས།
ལམ་དུ་ཝ་དང་འཕྲད་ཅིང་རི་བོང་དག་གིས་ཅལ་སླེབས་སོང་ཞེས་བཤད་པས་ཝ་ཡང་བ་
སྤུ་ཟིང་ཟིང་བྱས་ནས་རི་བོང་གི་གྲལ་དུ་ཞུགས་ནས་བྲོས། བྲོས་ལམ་དུ་རིམ་བཞིན་དྲེད་མོང་དང་སྤྲེའུ། མ་ཧེ། སྟག གླང་པོ་ཆེ་སོགས་ལ་འཕྲད་ཅིང་ཅལ་སླེབས་སོང་ཞེས་བཤད་པས་རི་དྭགས་ཐམས་ཅད་བྲེད་ཤ་ལངས་ནས་སྲོག་བསྡོས་ཀྱིས་བྲོས།
འདུ་ལོང་ཤིན་ཏུ་ཆེ་བའི་བྲོས་བྱོལ་ཆེན་མོ་འདིས་སྦལ་བ་ལ་འདྲོགས་བསླངས་པས་སྦལ་བས་ཡང་སྙིང་གནས་ཚུལ་ཅི་ཞིག་བྱུང་ཞེས་དྲིས། ཀུན་གྱིས་ཁ་མང་ལྕེ་མང་གིས་ཅལ་སླེབས་སོང་། དེ་ལ་མགོ་གསུམ་དང་རྐང་པ་བརྒྱད་ཡོད་པས་ཤིན་ཏུ་འཇིགས་སུ་རུང་བ་ཞིག་འདུག་སོགས་སྨྲས།
སྦལ་བས་སུས་མཐོང་བྱས་པས་གླང་པོ་ཆེས་མ་ཧེས་མཐོང་བྱས། མ་ཧེས་སྤྲེའུས་མཐོང་སྨྲས་པས་མཐར་རི་བོང་ལ་ཐུག་ཅིང་སུ་གཅིག་གིས་ཀྱང་ཅལ་ཞེས་པ་དངོས་སུ་མཐོང་མེད།
ཀུན་གྱིས་མཉམ་དུ་ཕྱིར་འཁོར་ནས་ཡང་སྙིང་ཅི་ཞིག་བྱུང་མིན་ལྟ་བར་བགྲོས། ཁོ་ཚོ་དལ་གྱིས་མཚེའུ་འགྲམ་དུ་སླེབས་པས་སླར་ཡང་ཅལ་གྱི་སྒྲ་གྲགས། ཚང་མས་མིག་ཆེར་བགྲད་ནས་བལྟས་པས་དེ་ནི་ལྗོན་ཤིང་ཐོག་གི་འབྲས་བུ་མཚེའུར་ལྷུང་བའི་སྒྲ་ཡིན་པ་ཤེས་པས་རི་དྭགས་ཐམས་ཅད་ཧབ་ཆ་དི་རེར་སོང་ངོ་། །
ཨ་ཧྥེ་རི་ཀའི་རྩ་ཐང་ཆེན་མོར་ཡང་རྟག་ཏུ་འདི་དང་འདྲ་བའི་གནས་ཚུལ་འབྱུང་བཞིན་འདུག་སྟེ་སེམས་ཅན་ཞིག་སྔོན་དུ་འདུར་རྒྱུག་བྱེད་སྐབས་སེམས་ཅན་བརྒྱ་སྟོང་མང་པོ་ཡང་རྒྱུ་མཚན་ཅི་ཡང་མེད་པའི་སྒོ་ནས་རྗེས་སུ་འབྲངས་ནས་སྨྱོས་པ་བཞིན་རྒྱུག་པ་རེད། ད་སྐབས་ཅུང་ཟུར་ཟ་དང་ལྡན་པ་ཞིག་ནི། མི་ཧ་ཅང་མང་པོས་དུད་འགྲོ་ལས་རིགས་པ་རྣོ་བར་ཁས་འཆེ་བཞིན་གཞན་གྱིས་རྒྱུ་ནོར་ལ་སྲེད་པ་ཆེན་པོ་བྱེད་པ་མཐོང་སྐབས་རང་གིས་ཀྱང་མགོ་མེད་ཀླད་མེད་ཀྱིས་ལད་མོ་བྱས་ནས་རྒྱུ་ནོར་ལ་འཛིན་ཞིང་ཆགས་པ་རེད།
དོན་དུ་ང་ཚོས་ལག་པ་སྙིང་ཁར་བཞག་ནས་ངས་འདི་ལྟ་བུ་ཞིག་ངེས་པར་སྒྲུབ་དགོས་སམ། གཞན་གྱིས་སྤྲོ་ཁང་ཆེན་པོ་ཉོས་ན་ངས་ཀྱང་ཉོ་དགོས་སམ། གཞན་གྱིས་རླངས་འཁོར་ཉོས་ན་རང་གིས་ཀྱང་རླངས་འཁོར་ཞིག་འདོད་དམ་ཞེས་བསམ་གཞིག་ནན་མོ་བྱེད་དགོས།
སེམས་ལྷོད་ཤིག་གེར་ཕབས་ནས་བསམ་གཞིག་བྱས་ན། ཤེས་རབ་ལྡན་པའི་མི་ཡིས་གལ་སྲིད་རང་ཉིད་ཀྱི་འདོད་ཧམ་དེ་དག་དཔལ་འབྱོར་གྱིས་ཐེག་པའི་ཚད་ལས་བརྒལ་ཚེ། མི་དགེ་བའི་ལས་སྒྲུབ་པའམ་ལུས་པོ་ལ་གནོད་པའི་སྦྱོར་བའི་སྒོ་ནས་སྒོར་མོ་གསོག་སྡུད་བྱེད་ཅིང་། དེའི་བརྒྱུད་རིམ་ལས་ཀྱང་བཤད་དུ་མེད་པའི་སྡུག་བསྔལ་སྣ་ཚོགས་པ་མྱོང་བས་འདི་འདྲའི་རང་སྡུག་རང་གིས་ཉོ་བ་ལ་དགོས་པ་མེད་པ་ཤེས་ཧ་ཅང་སླ་བ་ཡིན་ནོ། །
འཚོ་བའི་ནང་གི་བློ་བདེ་དང་དགའ་སྤྲོ་ནི་བསམ་པའི་ལོངས་སྤྱོད་ལས་ཡོང་དགོས་པ་ལས་རྨོངས་ཚོད་ཀྱིས་འགྲན་ངོམ་དང་འཚོལ་སྙེག་བྱས་པ་ལས་མི་འོང་། དེ་ལས་གཞན་འདོད་ཧམ་གྱི་མཐའ་ནི་ཟད་དུ་མེད་པས་དམིགས་ཡུལ་སོགས་མངོན་དུ་གྱུར་མིན་ལ་ལྟོས་པ་མིན་པར་ནང་སེམས་སུ་ཡིད་ཚིམས་པའི་ཚོར་བ་ཡང་དག་པ་ཞིག་གཏན་ནས་འོང་མི་སྲིད་དོ། །